[A:༥༥༦]ཡེ་མ་ལྕོགས་པ་ན། ཤིང་མོ་ཕག་གི་ལོ་སྨལ་པོའི་ཚེས་བཅོ་ལྔ་ནས་དགུན་ཆོས་བཙུགས། འཆད་ཉན་ཡང་དེ་ཙམ་ཡིན། སོས་འདིར་མཚམས་ཤིག་བྱེད་གསུངས་པ་ལ། བདག་པོ་ཆེན་པོ་སོགས་འགྲེས་པ་རྣམས་ཀྱིས་དགུན་སྟོད་འདི་སྐུ་མཚམས་མཛད། སྐུ་གཟུགས་བཟང་པོ་བྱུང་ན་སོས་ཆོས་གསུང་བར་ཞུ་ཞེས་ཡང་ཡང་ཞུས་ནས་མཚམས་བསྡོམས་ཏེ། དེ་ཡང་ཤིང་ཕག་སྨལ་པོའི་ཚེས་བཅོ་ལྔ་ནས་ཡིན་ནོ། །དེ་ནས་མེ་ཕོ་བྱི་བའི་ས་གའི་ཉེར་ལྔའི་བར་དུ་བཞུགས་པ་ལ། སྐུ་ཤེད་ཆུང་བས་ཚོགས་ཆོས་ཙམ་མ་གཏོགས། ནང་དུ་ལམ་འབྲས་ཀྱི་ཆོས་འཕྲོ། བྱིན་རླབས་གེགས་སེལ་གདམས་ངག་ལུང་སྦྱིན་སོགས་ཚར་བར་མཛད་ཅིང༌། ལམ་འབྲས་ལྷ་ཁང་སོགས་རྟེན་གསུམ་སོ་སོའི་བླ་བྲེ། བདུན་ཚར། ཀོང་བུ། དངུལ་གྱི་མཎྜལ་ཁྲུ་སྒོར་མོ་ཙམ་སོགས་མཆོད་པའི་ཡོ་བྱད་ཐམས་ཅད་ཀྱི་བཞུགས་ཚགས་མཛད་པ་སོགས་ལས། བསྙུང་བའི་རྣམ་པ་ནི་ཅི་ཡང་མེད་མོད། འོན་ཀྱང་འཕྲལ་གྱི་རྐྱེན་སྔར་གྱི་བསྙུང་གཞི་བད་ཀན་སྐྱ་རྦབ་ཀྱི་རྣམ་པ་ཅིག་ཡོད་པ་དེས་བྱས་པ་ལྟ་བུ་སྣང་བ་དེ་ལ། སྐུ་རིམ་དང་གསོལ་སྨན་སོགས་ཅི་བསྒྲུབས་ཀྱང་སྐུ་སྐྱེད་ཅིག་ཀྱང་མ་བྱུང་བ་ནི། དེ་ལ་སྤྱིར་ཡར་ལུངས་སུ་ཕེབས་པ་དེས་སྐུ་ཚེ་ལ་བར་ཆད་ཅུང་ཟད་ཅིག་བྱུང་འདུག་གསུངས་ནའང༌། སྐུ་ལུས་ཐང་ལ་ཡོད་ན་དེ་ལྟ་བུའི་བསྙུང་རྐྱེན་དང༌། སྐུ་ཚེའི་བར་ཆད་ལ་སོགས་པས་སྐྱོན་ཅན་དུ་འགྲོ་བ་མི་འདུག་ནའང་སྐུ་གཟུགས་ལ་ཤེད་མེད་པ་ཁོ་ནར་འདུག་སྟེ། སྐུ་མཚམས་མཛད་ནས་བཞུགས་པའི་དུས་ཐམས་ཅད་དུ་སྐུ་ལ་ཤེད་མེད་པ་མ་གཏོགས། བསྙུང་ཟུག་གི་རིགས་ཅི་ཡང་མེད་ཅེས་གསུང་པས་སོ། །འོན་ཀྱང་ཁམས་བཟང་ངན་བྱུང་ན། རྗེས་ཀྱི་བུ་སློབ་ཉེ་འཁོར་ན་ཡོད་པ་རྣམས་ལ་མི་གཞན་གྱིས་འཐབ་སྲིད་པ་དང༌། གློ་བོར་དྲུང་ཆེན་ལ་ཡང་བརྡ་ཅིག་བཏང་བར་བྱས་པས། སྟོད་ནས་ལྷ་རྗེ་ཅིག་པོས། དེས་དོན་གོ་བ་ཡིན་གསུངས། ལྷ་རྗེ་ཡང་ཟླ་བ་གཅིག་གི་ཁོངས་སུ་སླེབ། ཕྱག་རྩ་ཞུས་ནས་