[A:༥༥༥]བདེ་བ་རང་ཅིག་བྱུང་གསུངས། ཕྱིས་གསོལ་ཅུང་བདེར་སོང་བ་ཡིན་ནའང༌། སྐུ་གཟུགས་ཀྱི་ཤེད་ལ་ཕན་པའི་གསོལ་ནི་མི་བཞེད་པར་འདུག་ཅིང༌། ཞིབ་སྤོལ་ཉུང་ཟད་རེ་དང༌། ལ་ཕུག་བཞིན་ཅུང་ཟད་རེ་མ་གཏོགས་བཞེས་པ་མི་འོངས་ཅིག་འདུག །དེའི་སྟོབས་ཀྱིས་དང་པོ་ནས་སྐུ་ལུས་ལ་ཤེད་མེད་པ་ཅིག་གདའ་ནའང༌། སྐུ་ལུས་ཀྱི་འཚོ་སྐྱོང་མི་མཛད་པར། སྐུ་སྲོག་གྲྭ་པ་ཆོས་དོན་གཉེར་ཡོད་པའི་སྙོམ་ཆུང་རྣམས་དང་བསྟན་པའི་དོན་དུ་བློས་གཏོང་བ་མཛད་ནས་ཆོས་འཆད་པ་དང༌། དབང་བསྐུར་བ་དང༌། རབ་བྱུང་བསྙེན་རྫོགས་ལ་སོགས་པ་གང་མཛད་ཀྱང་ལས་སླར་མ་ཤོར་བ་དང༌། བསྲེ་བསླད་དུ་མ་སོང་བ་མཛད་དོ། །དགུན་གྲང་བའི་དུས་ཡིན་ནའང་དབང་ཞུ་མཁན་རྣམས་གོས་མང་པོས་གཏུམས་ནས་འདུག་ཀྱང༌། གྲང་བའི་སྣང་བ་ཆེན་པོ་འོང་བ་ལ། རྗེའི་ཞལ་སྔ་ནས་གཟན་ཆོས་སྦྲགས་མའི་ཐང་རྐྱང་རེ་ལ་དབང་བསྐུར་བ་དང༌། དབང་རྫས་འགྲིམ་པ་མཛད་པས་སྐུ་ལུས་ལ་ཤིན་ཏུ་གཟན་པར་འདུག་ཅིང༌། དབང་གྲོལ་བའི་ཚེ་གསོལ་ཇ་ཙམ་རེ་ཡང་བཞེས་རྒྱུ་མེད་པར། དབང་ཞུ་མཁན་རྣམས་རང་སར་གྱེས་འགྲོ་བ་དང༌། ཆོས་རྗེ་རིན་པོ་ཆེ་གཟིམས་ཁང་དུ་བྱོན་འགྲོ་བ་མཉམ་པོ་བྱེད་དགོས་པ་ཡུན་རིང་པོ་བྱུང་བ་དང༌། དུས་ཕྱིས་སྐུ་བགྲེས་ནས་དགུང་ལོ་མཐོན་པོར་ཕེབས་ཀྱང༌། རྒྱུ་དུས་ཀྱི་དབང་བསྐུར་ཟླ་རེ་ཙམ་སྤྲེལ་ནས། དགེ་འདུན་བརྒྱ་ཕྲག་མང་པོ་ལ་མཛད་དགོས་བྱུང་བས། སྐུ་ལུས་ལ་བབ་ཤིན་ཏུ་ཆེ་ཡང༌། ཕྱག་ལེན་སླ་ཆོས་སུ་མ་སོང་བར་མཛད་དེ། སྟ་གོན་གྱི་དཔུང་སྐུད་འཆིང་བ་ཙམ་ཡང་བཞེངས་ནས་མཛད་པ་སྐུ་ལུས་ཀྱིས་མི་ལྕོགས་པར། དབང་མིའི་སྔོན་དུ་བཞུགས་ནས་མཛད་དགོས་པ་ཡང་ལོ་དུ་མ་མཛད་ཅིང༌། དེ་ལྟར་སྐུ་ལུས་ལ་ཤེད་ཅུང་ཟད་མེད་ཀྱང༌། གསུང་ཆོས་འཆད་པ་དང༌། དབང་བསྐུར་ལ་སོགས་པ་སྐུ་ལུས་གསོ་ཐབས་མེད་པའི་འོར་དུ་མ་ལྷུང་གི་བར་དུ་ཅུང་ཟད་ཙམ་བཞུགས་པ་ཡང་ཐུགས་ཀྱིས་མ་བཟོད་པར་མཛད་པས། སྐུ་གཟུགས་ཀྱིས་