[A:༥༥༧]བསྙུང་གཞི་ཆེར་མ་མཆིས་ཞུས་པས། དེ་ཁྱོད་ཀྱིས་མི་ཕན། ཨ་མེ་དཔལ་བཟང་པོས་དྲུང་ནས་བསྙུང་གཞི་བྱུང་ན། འདི་ནས་ལྷ་རྗེ་མཁས་པ་ཅིས་ཀྱང་འབོད་པར་ཞུ་ཟེར་བའི་ཞུ་བ་བྱེད་ཀྱིན་འདུག་པས། དེའི་བསམ་པ་རྫོགས་པའི་ཆེད་ཡིན་གསུང༌། གསོལ་དང་འབྱེད་པའི་སྨན་རེ་ཙམ་ལམ་བསྙུང་གཞི་འདི་ཡིན་མི་འདུག་པས། སྨན་དཔྱད་གཞན་གང་ཡང་མ་བྱས། ནག་པའི་ཉེར་བཞིའི་དུས། ད་ངས་ཆོས་འཆད་ཉན་འོང་བ་དཀའ་བས། ས་གཙང་མ་ལ་ས་ཕག་ཐོབ། མཆོད་རྟེན་བྱེད་དགོས་པ་ཡིན་གསུངས། ནག་པ་ཟླ་བ་ལ་མཆོད་གཏོར་ཡང་ཡང་བཤམས་ནས་ཉིན་རེ་ལ་ལན་གསུམ་ཙམ་མཛད། སློབ་དཔོན་དཀོན་རྒྱལ་གདན་དྲོངས། ཟླ་བ་གཅིག་ལ་འཁོར་བ་གྱིས་གསུངས། ཁོང་པ་མུས་སུ་བཞུགས་པ་ལ་གདན་འདྲེན་བཏང༌། དེའི་བར་དུ་བདག་ཆེན་ཆུ་མིག་པ་རིན་པོ་ཆེ་སོགས་དེར་བཞུགས་ཀྱི་བུ་སློབ་དྲག་པ་སོ་སོ་ལ་ཞལ་ད། གནང་སྦྱིན་ཆོས་འཕྲོ་རྣམས་ཚང་མར་མཛད། གཞི་ཐོག་པ། ཤར་པ། གློ་བོ་སོགས་ལ་ཕྱག་རྟགས། སྐུ་དྲུང་ན་ཡོད་པ་རྣམས་ལ། སྔོན་གྱི་ལོ་རྒྱུས་དང་འཕྲོས་གཏམ་གྱི་ཚུལ་གྱིས། གཤེགས་རྗེས་སྐུ་གདུང་གི་ཞབས་ཏོག་བསྒྲུབ་ལུགས། དགོངས་པ་རྫོགས་པར་བྱེད་པའི་ཐབས་དང༌། ནང་རྟེན་དང་ཕྱི་རྟེན་བདེ་གཤེགས་མཆོད་རྟེན་བཞེངས་པ་དང༌། བཞེངས་ལུགས་ལ་སོགས་པ་དང༌། གདུང་རུས་གདུང་ཐལ་དང་བཅས་པ་ཅུང་ཟད་ཀྱང་མ་འཁྱར་བ་སཱཙྪ་ཐེབས་པ་གྱིས། གཞན་ལ་སྐྱིད་སྡུག་བྱུང་ཙ་ན། ཟོང་གཏོང་བ་ལ་སོགས་པ་འོང་གི་འདུག་སྟེ་རང་རེས་དེ་འདྲའི་ཕྱོགས་སུ་རས་ཁ་གང་ཡང་གཏོང་མ་མྱོང་བ་དང༌། ཡོན་བདག་གྲྭ་པ་དང་བཅས་པའི་སྐོར་ཡང་སྔར་གྱི་ཚོས་ཆོག་པ་ཡོད་པས། ད་མཆོད་སྤོང་དང་ཟོང་ཆ་ལེན་པ་ལ་སོགས་པ་ཡང་མ་བྱེད་ཅེས་དང༌། དཀར་མེའི་རྒྱུ་ལ་དངུལ་དམ་ལྔ་ལ་སོགས་པ་སོ་སོར་དམིགས་མཛད་ཅིང༌། རབ་ཏུ་བྱུང་བ་འདས་པའི་རྗེས་སུ་