[A:༥༦༡]དཔལ་ལྡན་ཚུལ་ཁྲིམས་ཀྱིས་མཛད་པ་ལྟར་ཤེས་པར་བྱའོ། །དེ་དུས་བླ་མ་དཔལ་ལྡན་གྱིས་ཅི་གདའ་ཞུས་པས། ཁ་རོག་སྡོད་གསུངས། མདོར་ན་དེ་ལྟ་བུ་ལ་སོགས་པ་དག་པའི་སྣང་བ་འབའ་ཞིག་འཆར་ཞིང་ཐ་མལ་གྱི་སྣང་བ་ནུབ་ཅིང༌། ནང་ཏིང་ངེ་འཛིན་གྱི་རྟོགས་པ་ཁོ་ནས་དུས་འདའ་བ་ཡིན་ནོ། །དེ་ནས་ས་གའི་ཉེར་གསུམ་གྱི་ཉིན་པར་ཆོས་རྗེ་དཀོན་རྒྱལ་བ་ཕེབས་ནས། དོ་དགོངས་མི་མཇལ་གསུངས་པ་ལ། རྗེ་ཉིད་ཀྱི་ཞལ་ནས། འགྲུལ་སྣ་ཅིག་བྱུང་དོགས་མེད། སྒུག་ཡུན་རིངས་ད་ལྟ་ཤོག་གྱིས་གསུངས། སྐུ་དྲུང་དུ་ཕེབས་འཕྲལ་ལ། ང་ཚེས་བཅུ་ལ་འགྲོ་བསམ་པ་ཡིན་ཏེ། ཁྱེད་མ་བྱོན་པས་ལན་གསུང་ཞིང༌། རྗེ་ས་ཆེན་གྱི་ཡིན་ཐང་ཅིག་དང༌། རྒྱའི་རྡོ་རྗེ་དྲིལ་བུ་ཅིག་དང༌། བླ་གོས་སྲབ་མོའི་སྐུ་ཆོས་ཤིག་གནང་སྟེ། ཁྱེད་སླེབ་པ་ལེགས། ང་ན་བྱས་ཀྱང་ཤེད་ཆུང་བ་ལས་ཟུག་ཅི་ཡང་མེད། དེའི་སྟོབས་ཀྱིས་རྔམ་པ་རྒོད་བག་ཅན་ཅིག་འདུག །གཞན་མནལ་ལྟས་དང་རླུང་གི་མདོག་དང་རྒྱུ་ཚུལ་གྱི་ལྟས་ལོག་པ་ཅི་ཡང་མེད། དེ་ལྟ་ན་ཡང་ངེད་འདས་ནས་ཟླ་བ་ཚེས་འཕྲལ་མན་ལམ་འབྲས་ཚུགས། ཆོས་འཆད་པ་མ་ཆག་པར་གྱིས། སངས་རྒྱ་བ་ལ་བདག་མེད་ཀྱི་ལྟ་བ་རྟོགས་དགོས་ཤིང༌། དེ་རྫོགས་རིམ་ཟབ་མོ་རྣམས་ལ་བརྟེན་ནས་མྱུར་དུ་འགྲུབ་ཀྱང་ལག་ཏུ་ལོངས་པ་དཀའ། གཞན་རང་གིས་སྒོམ་ལོ་བྱས་པ་བས་ཀྱང་གཞན་ལ་བཤད་ན་གདར་ཤ་ཆོད་ཅིང་བོགས་ཆེ་བ་ཡིན་གསུང༌། རྗེས་ཀྱི་བྱ་བ་རྣམས་ཁྱེད་ལ་འཆེར་མི་དགོས། ཁོང་འདི་པ་ལ་ཁ་ད་ཞིག་ཏུ་བྱས་ཡོད། བཞུགས་ས་ངེད་ཉལ་སར་མཛོད་ལ་རྡོ་རྗེ་བདག་མེད་མའི་སྒྲུབ་མཆོད་རེ་མ་ཆག་པ་གྱིས་གསུངས་པ་སོགས་གཤེགས་ན་འདི་ལྟར་གྱིས་ཀྱི་ཞལ་ད་ཐོག་པ་ཅིག་གནང་གིན་འདུག །ཞིབ་ཏུ་སང་ནས་ཁྱོམས་སོ་འོང་ཞེས་གསུངས། གདན་ས་པས་ཀྱང་བདག་ལ་དེ་ལྟ་བུའི་ནུས་པ་མེད་ཅིང༌། དེ་འདྲ་དགོས་པ་མི་འོང་མཆི། དེ་ལྟ་ན་ཡང་