[A:༥༦༢]ལོ་གཉིས་གསུམ་ཞལ་དའི་ལུགས་བཞིན་བགྱིད་ཅེས་ཞལ་དའི་ལན་གྱི་ཞུ་བ་མདོར་བསྡུས་ཤིག་ཕུལ། ཞིབ་ཏུ་སང་ནས་འབུལ་ཞེས་ཞུས། དེ་ཡང་ཆོས་རྗེའི་དགོངས་པ་ལ། ཚེས་བཅུ་ཙམ་ལ་ཕེབས་སྙམ་ནས་བྱ་བྲལ་བ་ཨེ་བྱུང་ལྟོས་ཞེས་ཡང་ཡང་གསུང་ཞིང༌། འཇའ་འོད་མེ་ཏོག་གི་ཆར་ཡང་འབབ། ཉེར་ལྔའི་བར་བརྟན་པར་བཞུགས་པ་ནི། རྗེ་འདི་ཉིད་ལ་བསྟན་པ་གཏད་པའི་ཆེད་དུ་ཡིན་པར་ངེས་སོ། །དེ་ནས་ཉི་ཤུ་བཞིའི་ཉིན་ལྡན་མ་དྲུང་རིན་པོ་ཆེ་ལ་བསྟན་འགྱུར་འདིའི་ཞུ་དག་དང་གྲོགས་ལྡན་བྱེད་བསམ་ནའང༌། ད་ཉེ་གནས་པ་ལ་དཔེ་ཆ་སྤྲིངས་ལ་འབྲི་བའི་ཞལ་ད་མཛོད་ལ་ཁྱེད་རང་ཡུལ་དུ་བྱོན་དང༌། ཕེབས་ཙམ་ཅིག་འོང་གསུང་བའི་ཞལ་ད་མཛད་དོ། །དེའི་ཉིན་རྗེ་མུས་པས་ཞོ་བཅོ་བརྒྱད་ཡོད་པའི་གསེར་ཐིག་པོ་གཅིག་གིས་མགོས་བྱས། གསེར་ཞོ་སུམ་ཅུ་སོ་བགྲངས་ཅིག་དང་བརྟན་བཞུགས་ཅིག་འབུལ་བར་མཛད་པ་ཡིན་ནའང༌། ཞིང་འདིའི་བསྟན་པ་དང་གདུལ་བྱ་རྣམས་ཀྱི་བསོད་ནམས་རྫོགས་པ་དང༌། ཞིང་ཁམས་གཞན་དུ་གདུལ་བྱ་ཤིན་ཏུ་རྒྱ་ཆེ་བ་ལ་དགོངས་ཏེ། ས་ག་ཟླ་བའི་ཉེར་ལྔའི་སྔ་དྲོ། དེ་རིང་ཉེར་ལྔ་ཡིན་ཨ་གསུངས། ཡིན་ལགས་ཞུས་པས། ད་ལྟ་ཁམས་ཤིན་ཏུ་བདེ། ཇ་ཞིམ་པོ་ཅིག་བསྐོལ་གསུངས། ཚ་བ་ཚར་ནས་ཇ་སུན་གཉིས་སེང་བ་དང༌། ལྷ་རྗེ་གཉིས་པོ་ལ་ཆབ་ཐོང༌། ཁྱེད་རང་སྟེང་དུ་ཇ་གསོལ། ད་ལྟ་གདན་འདྲེན་བྱུང་ན་བྱོན་གསུངས། ཁོང་གཉིས་སྟེང་དུ་སོང་རྗེས། སྐུ་དྲུང་ན་ཡོད་པ་རྣམས་ལ་ན་བཟའ་ལྕི་བ་རྣམས་ལོགས་སུ་ཞོག །ལུས་གནད་བཅོ་རོགས་གྱིས་ལ་སྣམ་སྦྱར་ཁོ་བ་གསུངས། གཞན་རྣམས་ཕྱིར་སོང་གསུངས། དེ་ལྟར་བྱས་པས་ཞིང་འདིའི་སྐུ་དངོས་ཀྱི་གདུལ་བྱའི་དོན་རྣམས་རེ་ཞིག་མཐར་ཕྱིན་ནས། སྐྱེ་བོ་རྟག་འཛིན་ཅན་རྣམས་དགེ་བ་ལ་བསྐུལ་བ་སོགས་ཀྱི་ཕྱིར། རྒྱུད་སྡེ་ནས་གསུངས་པའི་འདའ་ཀ་མའི་ཐུགས་དམ་ཟབ་མོ་ལ་མཉམ་པར་བཞག་སྟེ། རླུང་སངས་པ་ཅིག་འབུད་