R37: རྒྱལ་བ་རྡོ་རྗེ་འཆང་ཀུན་དགའ་བཟང་པོའི་རྣམ་པར་ཐར་པ་ལེགས་བཤད་ཆུ་བོ་འདུས་པའི་རྒྱ་མཚོ་ཡོན་ཏན་ཡིད་བཞིན་ནོར་བུའི་འབྱུང་གནས།

  • Pagination (Witness A): ༥༦༥
[A:༥༦༥]པོའི་རྣམ་པར་ཐར་པ་རྒྱ་མཚོ་ལྟ་བུ་ལས་ཆུ་ཐིགས་ཙམ་ཅིག་བླངས་ནས་ལམ་འབྲས་བླ་མ་བརྒྱུད་པའི་རྣམ་ཐར་གྱི་ཁ་སྐོང་དུ་རྗེ་ཉིད་ལ་མི་ཕྱེད་པའི་དད་པ་དང་ལྡན་པའི་བཤེས་གཉེན་དུ་མས་བཀའ་གནང་བའི་ངོར། སློབ་འབངས་ཀྱི་ཐ་ཆུང་དཀོན་མཆོག་རྒྱལ་མཚན་གྱིས་མེ་མོ་གླང་གི་ལོ་གྲོ་བཞིན་གྱི་ཟླ་བའི་ཚེས་བཅོ་ལྔ་ལ་དཔལ་ཨེ་ཝཾ་ཆོས་ལྡན་གྱི་གཙུག་ལག་ཁང་དུ་བྲིས་པའོ་ཞེས་གསུངས། དེ་དུས་ཀྱི་ཡི་གེ་པ་ནི་གྲུབ་ཆེན་སྲད་པ་ཀུན་བློ་ཡིན་པར་སྣང་ངོ༌། །དེ་ལྟར་གཟུགས་ཀྱི་སྐུ་དེ་ཉིད་ཆོས་ཀྱི་དབྱིངས་སུ་བསྡུས་ཀྱང༌། བླ་མ་ཉིད་ཀྱི་ཐུགས་རྗེའི་ཕྲིན་ལས་ཀྱི་སྐུའི་བཀོད་པ་སྣ་ཚོགས་ཀྱི་འཁོར་ལོ་ནི་རྒྱུན་མི་འཆད་པ་ཉིད་དོ། །དེ་སྐད་དུ་མཁས་པ་ཀུན་བློས། རྗེས་སུ་གདན་ས་ཕྱི་ནང་རྟེན་བཞེངས་སོགས། །ཕན་ཚུན་རྩོད་བྲལ་འབད་མེད་ལྷུན་གྱིས་གྲུབ། །ཕྲིན་ལས་རྒྱུན་གྱི་མཛད་པ་ས་སྐྱ་པ། །དཔལ་ལྡན་ས་སྐྱ་པ་ལ་གསོལ་བ་འདེབས། །ས་སྐྱ་པ་ཡི་གཞུང་ལུགས་མཐའ་དག་དང༌། །རྗེ་ཡི་གསུང་རབ་རྫོགས་པར་སུས་ཤེས་ནུས། །རང་གིས་གང་ཐོས་གང་ལ་སྦྱངས་པ་རྣམས། །ཆོས་དང་རང་སེམས་འདྲེས་པར་བྱིན་གྱིས་རློབས། །ཞེས་གསུངས་པ་ལྟར་ཏེ། ཕྱོགས་ཐམས་ཅད་དུ་བུ་སློབ་སྦྱིན་བདག་རྣམས་ཀྱིས་དགོངས་རྫོགས་མཛད་པ་ཡང་བསམ་གྱིས་མི་ཁྱབ་སྟེ། དཔེར་མཚོན་ན་མདོ་ཁམས་པ་བླ་མ་སངས་རྒྱས་རྒྱལ་མཚན་གྱིས་ཀྱང་ཐོས་མཆོད་རྒྱས་པ་དང༌། བསམ་གྲུབ་དཔལ་འབར། ཆོས་གླིང་ལ་སོགས་པའི་ཆོས་སྡེ་རྣམས་སུ་མང་ཇ་གྲལ་འགྱེད་དང་བཅས་པ་དང༌། གླང་ལོ་ཟླ་བ་གསུམ་པ་སངས་རྒྱས་དབང་བསྐུར་བའི་དུས་ཆེན་ནག་པ་ཟླ་བ་ལ་རི་མགོ་དགོན་པར་བདེ་ཀྱེ་གསང་གསུམ་གྱི་རྒྱུད་ནས་གསུངས་པའི་ངོར་ལུགས་དཀྱིལ་འཁོར་ལྔའི་སྒྲུབ་མཆོད་ས་ཆོག་ནས་བརྩམས་ཏེ་དཀྱིལ་འཁོར་རྡུལ་ཚོན་མའི་སྟེང་ནས་རིག་པ་འཛིན་པ་བཅུ་ཕྲག་བརྒྱད་ཀྱིས་ཚེས་བཅུ་གཉིས་ནས་བཟུང་ཏེ། ཉེར་དྲུག་གི་བར་དུ་ལེགས་པར་བསྒྲུབས་པ་དེ་ལྟ་བུའི་མཚོན་