[A:༥༦༦]པའོ།། །།སྤྱི་དོན་གཉིས་པ་འཕྲོས་པའི་དོན་ནི། དེ་ལྟ་བུའི་འདྲེན་པ་མཆོག་དེའི་ཕྲིན་ལས་ཀྱི་རྒྱུན་གྱི་གཙོ་བོ་དཔལ་ཨེ་ཝཾ་ཆོས་ལྡན་དེ་འཛིན་གྱི་སྐྱེས་ཆེན་དམ་པ་རྣམས་ཀྱི་རྟོགས་པ་བརྗོད་པ་སྟེ། སྤྱིར་ཨེ་ཝཾ་གྱི་དོན་ལ་ཞིབ་ཏུ་དཔྱད་ན་མཐའ་ཡས་ཤིང༌། འདིར་མདོ་ཙམ་བརྗོད་ན། ཨེ་ཝཾ་འདི་སྤྱིར་མདོ་དང༌། བྱེ་བྲག་སྔགས་ལས་བཤད་པའོ། །དང་པོ་ནི། རྒྱ་གར་འཕགས་པའི་ཡུལ་ན་ཨེ་ཝཾ་ཞེས་བརྗོད་པ་དང༌། དེ་བོད་སྐད་དུ་བསྒྱུར་ན། འདི་སྐད་ཅེས་གླེང་གཞི་དེ་ལས་འཕྲོས་པའི་འདི་སྐད་བདག་གིས་ཐོས་པ་ཞེས་པས། ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་བཞི་སྟོང་གི་སྒོ་ཡིན་ལ། དེ་ལ་སྒོའི་ཐ་སྙད་ཇི་ལྟར་ཞེ་ན། སྟོན་པ་སངས་རྒྱས་ཀྱིས་འཁོར་དགྲ་བཅོམ་པ་རྣམས་ལ་ང་ཉིད་མྱ་ངན་ལས་འདས་པའི་རྗེས་སུ། ངའི་བཀའ་རྣམས་བསྡུས་ལ་ཐོག་མར་འདི་སྐད་བདག་གིས་ཐོས་པ་ཞེས་པ་དང༌། བར་དུ་མཚམས་སྦྱོར། མཇུག་ཏུ་ཡི་རང་དང་མངོན་པར་བསྟོད་ཅེས་གྱིས་ལ་བསྟན་པ་བསྡུས་ཤིག་ཅེས་གསུངས་པ་རྗེས་སུ་གནང་བའི་བཀའ་ཡིན་ཞིང༌། གཞན་ཡང་སངས་རྒྱས་ཀྱི་གསུང་རྣམས་ཨེ་ཝཾ་དུ་འདུས་ཤིང༌། དེའི་རྒྱུ་མཚན་ཡང༌། ཨཱ་ལི་ཨེ་ཤེས་རབ་དང༌། ཀཱ་ལི་ཝཾ་ཐབས་ཀྱི་རང་བཞིན། དབྱངས་གསལ་འདི་རྣམས་ལས་ཡི་གེ་འབྱུང༌། དེ་ལས་མིང་འབྱུང༌། མིང་ལས་ཚིག་འབྱུང༌། ཚིགས་ལས་ངག་འབྱུང༌། ངག་ལས་རབ་ཏུ་བྱེད་པ་སོགས་འབྱུང་བ་ཡིན་ཏེ། ལྷའི་བུས་ཞུས་པའི་ཐེག་པ་ཆེན་པོའི་མདོ་ལས། ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་དང༌། །བཞི་སྟོང་གི་ནི་གྲངས་སྙེད་ཀྱང༌། །ཀུན་གྱི་གཞི་དང་ཕ་མ་ནི། །ཡི་གེ་གཉིས་སུ་དེ་རབ་བསྟན། ཡི་གེ་ཨེ་ནི་མར་གྱུར་པ། །ཝཾ་ནི་ཕ་ཞེས་བྱ་བར་གྲགས། །ཐིག་ལེ་དང་ནི་སྦྱོར་བ་སྟེ། །སྤྱོད་དང་ཤིན་ཏུ་རྨད་བྱུང་བའོ། །ཞེས་སོ། །གཉིས་པ་ནི་བརྗོད་པ་སྒྲའི་ཨེ་ཝཾ་དང༌། བྲིས་པ་གཟུགས་ཀྱི་ཨེ་ཝཾ་དང༌། མཚོན་པ་བརྡའི་ཨེ་ཝཾ་དང༌། གནས་ལུགས་དོན་གྱི་ཨེ་ཝཾ་དང་བཞི་ཡོད་པ་ལས། དང་པོ་བརྗོད་པ་