[A:༥༦༤]ཉེར་བཞིའི་སྔ་སྐད་སྐུ་གདུང་ལ་ཞུགས་ཕུལ་བའི་ཚེ་ནམ་མཁའ་ལ་འཇའ་དང་མེ་ཏོག་གི་ཆར་བསམ་གྱིས་མི་ཁྱབ་པ་བབས་ཤིང༌། དེ་མན་ཆད་ཀྱང་མེ་ཏོག་གི་ཆར་རྒྱུན་མི་ཆད་པར་བབས་སོ། །ས་ག་ཟླ་བའི་ཚེས་གཅིག་ལ་གདུང་ཁང་ཞལ་ཕྱེ་བའི་ཚེ། གདུང་རུས་ལ་རིང་བསྲེལ་དཀར་པོ་དང༌། སེར་པོ་ལ་སོགས་པ་ཁ་དོག་སྣ་ཚོགས་པ་རབ་ཏུ་མང་པོ་གྲངས་མེད་པ་བྱོན་ཞིང༌། བྱེ་བྲག་ཏུ་ཕྱག་སོར་གྱི་ཚིགས་གཅིག་དང༌། ཚེམས་འོག་མའི་རྩ་བ་རྣམས་སུ་རིང་བསྲེལ་གྲངས་མེད་དུ་བྱུང་བ་རྣམས། གོས་དར་གྱི་ན་བཟའ་བཟང་པོ་དང༌། དྲི་བཟང་དང་བཅས་ཏེ། རྗེའི་སྐུ་འདྲ་དང་སྟོན་པའི་གསེར་སྐུའི་ནང་དུ་བཞུགས་སོ། །གདུང་རུས་ལྷག་མ་གདུང་ཐལ་དང་བཅས་པ་རྣམས་ཞལ་དའི་ལུགས་བཞིན་ཅུང་ཟད་ཙམ་ཡང་མ་འཐོར་བར་གདུང་ཚ་ཁྲི་ཚོ་བདུན་མི་ཆད་པར་བཞེངས་སོ། །གདུང་ཚ་ཆུང་བ་ཞབས་ལ་རྡོ་རྗེ་རྒྱལ་གྲམ་དང་བཅས་པ་ཁྲི་ཚོ་ཕྱེད་བཞི་ཙམ་བཏབ་པ་ན་བཟའ་གསེར་གསོལ་ཏེ། བུ་སློབ་རྣམས་ལ་ཕྱོགས་སུ་བྱིན་རླབས་ཀྱི་རྟེན་ལ་ཡང་འབུལ་བའི་ལུགས་སུ་བྱས། གདུང་ཚ་ལྷག་མ་རྣམས་གཙང་ཁང་གི་ནང་དུ་མཆོད་རྟེན་གསེར་འབུམ་ཅིག་བཞེངས་ཏེ་དེའི་ནང་དུ་བཞུགས་སུ་གསོལ་ལོ། །གྲྭ་པ་འགའ་རེའི་གདུང་ཚའི་སྐལ་བ་ལ་རིང་བསྲེལ་བྱོན་པ་ཡང་སྣང་ངོ༌། །དེ་ལྟར་གསོལ་བ་འདེབས་པ་ནས་བརྩམས་ཏེ། གསེར་འབུམ་གྱི་བར་དུ་བཞེངས་པ་ལ་བར་ཆད་ཀྱི་རྣམ་པ་ཅུང་ཟད་ཀྱང་མེད་པར་ལེགས་པར་མཐར་ཕྱིན་པ་འདི་ནི་ཆོས་རྗེ་རིན་པོ་ཆེ་ཉིད་ཀྱི་བྱིན་རླབས་དང༌། ཐུགས་རྗེ་ལས་ཡིན་པར་ཀུན་གྱིས་མཐུན་སྣང་དུ་གྲུབ་བོ། །མདོར་ན་བསྟན་པ་ཇི་སྲིད་གནས་ཀྱི་བར་དུ་ལོ་རེ་བཞིན་ས་ག་ཟླ་བའི་ཉེར་ལྔར་བསྟུན་པའི་ངོར་ལུགས་དཀྱིལ་འཁོར་ལྔའི་སྒྲུབ་མཆོད་རྡུལ་ཚོན་མ་ཞག་བདུན་དང་ཟླ་བ་རེ་བཞིན་ཉེར་ལྔའི་དུས་ཇ་སོགས་ཀུན་ལ་གསལ་བ་ཉིད་དོ། །རྒྱལ་ཚབ་མུས་པ་ཆེན་པོས་རྣམ་ཐར་གྱི་མཛད་བྱང་སྨོས་པ་ནི་ཞེས་པ་སྙིགས་དུས་རྡོ་རྗེ་འཆང་ཆེན་པོ་ཆོས་ཀྱི་རྗེ་ཀུན་དགའ་བཟང་