[A:༥༧༡]མའི་དགོན་པ་འདི། །ཅ་ཅོ་སྤངས་ནས་ཆོས་སྒྲ་སྒྲོགས། །ཆ་ལུགས་མི་གཙོ་མཁས་པ་བཀུར། །ཇ་བཟང་ལོངས་སྤྱོད་ཆང་དང་བྲལ། །ཉ་ཤ་སོགས་སྤངས་དཀར་གསུམ་བསྟེན། །ཏ་ལའི་ལྗོན་ལྟར་བུ་སློབ་རྒྱས། །ཐ་མལ་སྐྱེ་བོས་རྒྱུ་བ་ཉུང༌། །ད་ལྟ་བདེ་སྐྱིད་ཕུན་སུམ་ཚོགས། །ན་རྒའི་རྒྱ་མཚོ་ངང་གིས་སྐེམས། །པ་ཏྲའི་རི་མོ་ལྟར་བཀྲའི་བློས། །ཕ་རོལ་ཕྱིན་དང་སྔགས་ཀྱི་གཞུང༌། །བ་མོའི་གྲངས་མཉམ་ལ་མཁས་པ། །མ་ལུས་འདི་ན་ངང་གིས་འདུ། །ཙ་རི་ཏྲ་སོགས་རབ་བགྲོད་པའི། །ཚ་གྲང་ངལ་དུབ་མེད་པ་ཡང༌། །ཛ་ལང་སེམས་རྒྱུན་འདུལ་བའི་ཆོས། །ཝ་ཀའི་ཆུ་བཞིན་འདི་ན་འབབ། །ཞ་ཉེ་ཟངས་ལྕགས་གསེར་དངུལ་དང༌། ཟ་འོག་ལ་སོགས་འཛོམ་པ་འདི། །འ་ཅག་གཟུ་བོར་གནས་པའི་བློས། །ཡ་རབས་སྐྱེ་བོའི་གནས་སུ་མཐོང༌། །ར་གན་གསེར་དུ་བརྫུས་པ་ལྟའི། །ལ་ལའི་གྲུབ་མཐའ་སྣ་ཚོགས་པ། །ཤ་པའི་གནས་ལྟར་བསྲེགས་པ་ཡང༌། །ས་ཡི་སྟེང་ན་འདི་ཁོ་ན། །ཧ་ཡིག་ཐིག་ལེར་ལྡན་པ་དང༌། །ཨ་ཐུང་ཙཎྜ་ལཱི་ཡི་ཆོས། །འདི་ན་ཚོགས་པ་མ་ཡིན་པར། །སུ་ཞིག་གིས་ནི་རྣམ་པར་དབྱེ། །དེ་ལྟར་རྨད་དུ་བྱུང་བའི་ཆོས། །ཚུལ་བཞིན་བསྔགས་པའི་དགེ་བ་ཡིས། །སྐྱེ་བོ་སྲེད་པའི་ནད་བརྒྱ་ལས། །སྒྲོལ་བའི་དགའ་བདེ་མྱོང་བར་ཤོག །ཅེས་སོགས་གསུངས། ཡང་མཁས་པའི་དབང་པོ་དཀོན་མཆོག་ལྷུན་གྲུབ་ཀྱི་ཞལ་སློབ་ཤར་དགས་པོའི་པཎྜི་ཏ་རྗེ་བཙུན་ཕྲིན་ལས་པ་འཇིགས་བྲལ་གསུང་རབ་གཏེར་མཛོད་སྦས་པའི་སྡེ་ཕྱོགས་ལས་རྣམ་པར་རྒྱལ་བས། དཔལ་ཨེ་ཝཾ་ཆོས་ལྡན་གསང་སྔགས་ཀྱི་ཕོ་བྲང་ཆེན་པོའི་རྟེན་གདན་རབས་དང་བཅས་པ་ལ་བསྟོད་པ་ཌཱ་ཀི་རྣམ་པར་བཞད་པའི་གླུ་དབྱངས་ཞེས་བྱ་བ་ལས་བརྗོད་བྱ་རགས་པ་ཙམ་བཤད་ན།
གནས་སམ་རྟེན་ལ་བསྟོད་པ་ཐུན་མོང་མིན་པའི་རྒྱན། །
ཨེ་ཡིག་རྣམ་ཀུན་མཆོག་ལྡན་བདག་མེད་མ། །ཝཾ་ཡིག་བདེ་ཆེན་མི་འགྱུར་དགེས་མཛད་ཡབ། །ཟུང་འཇུག་གསང་ཆེན་ཐེག་པའི་ཆོས་འཁོར་གྱིས། །སྐལ་ལྡན་འགྲོ་ཀུན་སྨིན་པར་མཛད་པའི་ས། །