R37: རྒྱལ་བ་རྡོ་རྗེ་འཆང་ཀུན་དགའ་བཟང་པོའི་རྣམ་པར་ཐར་པ་ལེགས་བཤད་ཆུ་བོ་འདུས་པའི་རྒྱ་མཚོ་ཡོན་ཏན་ཡིད་བཞིན་ནོར་བུའི་འབྱུང་གནས།

  • Pagination (Witness A): ༥༧༠
[A:༥༧༠]བརྗིད་ལྷུན་ཆགས་དབུས་ཀྱི་གཡོ་མེད་མཆོག །ལྷར་བཅས་འགྲོ་ཀུན་སྐྱོབ་པའི་དཔལ་ཡོན་ཅན། །ཀུན་ནས་ཆུ་ཀླུང་རྣམ་བཞིའི་རྒྱུན་ལྡན་པ། །གྲུབ་མཐའ་རྣམ་བཞིའི་བཤད་རྒྱུན་རིང་བའི་རྒྱུ། །རི་ངོགས་དཔག་བསམ་དབང་པོ་རྒྱས་འདྲ་ནི། །ཀུན་གཞིའི་ས་བོན་ཟབ་ལམ་བདུད་རྩིས་བསྐྱེད། །ཉམས་རྟོགས་འདབ་རྒྱས་སྐུ་བཞིའི་འབྲས་བཟང་ཅན། །སྒྲུབ་པའི་དྲང་སྲོང་ལྗོན་པ་རྒྱས་པའི་དཔལ། །བསམ་འཕེལ་ཡིད་བཞིན་མཛོད་འཛིན་ཀླུ་དབང་གིས། །རྒྱ་མཚོའི་གོས་ཅན་བདག་ཏུ་བྱས་པ་འདི། །བཤེས་གཉེན་མཁས་མང་རྒྱུན་དུ་འབྱུང་བའི་དཔལ། །འཛིན་མའི་ཁྱོན་རྣམས་འདབ་རྒྱས་འདྲ་བ་སྟེ། ལུང་རིགས་སྨྲ་བའི་བུང་བ་ཀུན་འདུའི་གཞི། །རྩི་སྨན་འབྲུ་བཅུད་རྟག་པར་འཕེལ་བའི་ས། །གདུལ་བྱའི་དཔལ་འཛིན་སྐྱེ་དགུའི་ཉེར་འཚོར་གྱུར། །ཆོས་སྒྲ་ཆེན་པོའི་རྒྱ་ཁྱོན་ཇི་སྙེད་པ། །མཐུ་ལྡན་དཔའ་བོ་དབང་ཕྱུག་རིག་བྱེད་བཞིན། །དུས་གསུམ་རྒྱལ་བའི་ཞིང་ཁམས་ཇི་སྙེད་ཀུན། །ཆོས་བཞིན་སྐྱོང་མཛད་གང་དེས་དབང་མཛད་རྒྱལ། །དེ་ལྟའི་གནས་འདི་སངས་རྒྱས་ཀུན་གྱི་ཞིང༌། །འཆི་མེད་ཆོས་སྒྲ་སྒྲོགས་པ་གདུལ་བྱའི་དཔལ། །རྣལ་འབྱོར་དབང་ཕྱུག་ལམ་བཟངས་བདུད་རྩིའི་སྒོ། །འཇམ་དབྱངས་རྣམ་འཕྲུལ་ས་སྐྱའི་གདན་ས་ཉིད། །ཡོན་ཏན་ཕུལ་བྱུང་ཁྱེད་ཀྱི་ཞིང་ཁམས་ཆེ། །དབྱངས་ཅན་པིར་གྱིས་བཀྲ་བའི་གསེར་མིག་གིས། །ཕྲེང་དུ་འགོད་མཁན་གྲགས་པ་རྒྱལ་མཚན་དཔལ། །བཟང་པོའི་གསུང་བཞིན་ལེགས་པའི་འབྱུང་གནས་སོ། །ཞེས་གསུངས་ཏེ་འདི་ཞིབ་ཏུ་བཤད་ན་ཨེ་ཝཾ་གྱི་སྒྲ་དོན་དང་གནས་ཀྱི་ཡོན་ཏན་གཉིས་རྒྱས་པར་སྟོན་པར་འགྱུར་རོ། །ཡང་ཨེ་ཝཾ་ཆོས་ལྡན་གྱི་ཟུར་ཆེན་བླ་མ་སངས་རྒྱས་ལྷུན་གྲུབ་ཀྱིས་བསྔགས་པ་འདི་ལྟར་མཛད་དེ། ༈ དཔལ་ཨེ་ཝཾ་ཆོས་ལྡན་ལ་བསྟོད་པ་ཀཱ་ལིའི་རྒྱན་རྣམ་པར་བཀྲ་བ་ཞེས་བྱ་བ། འཕགས་པ་ངག་གི་དབང་ཕྱུག་ལ་ཕྱག་འཚལ་ལོ། །ཀ་ལཱ་པ་ཡི་ལྷོ་ཡི་ཕྱོགས། །ཁ་བ་ཅན་གྱི་རི་ཡི་ལྗོངས། །ག་ཤ་སོགས་ཀྱི་དབེན་པའི་གནས། །ང་ཡི་བླ་