R37: རྒྱལ་བ་རྡོ་རྗེ་འཆང་ཀུན་དགའ་བཟང་པོའི་རྣམ་པར་ཐར་པ་ལེགས་བཤད་ཆུ་བོ་འདུས་པའི་རྒྱ་མཚོ་ཡོན་ཏན་ཡིད་བཞིན་ནོར་བུའི་འབྱུང་གནས།

  • Pagination (Witness A): ༤༨༤
[A:༤༨༤] སྔར་ཡབ་མེས་གོང་མ་རྣམས་འབྲོག་མཛད་པའི་ཚེ། དགེ་བའི་བཤེས་གཉེན་སྲོན་པ་རྣམས་དང་སློབ་དཔོན་དང་ཡོན་མཆོད་ཀྱི་འབྲེལ་ཟབ་པས། དེའི་དུས་ན་སྲན་པའི་གདན་ས་པ་བླ་མ་ཡོན་ཏན་དཔལ་ཞེས་བྱ་བ་བྱས་འགྱུར་ན་བཞུགས་པ། བཅོམ་ལྡན་འདས་རྡོ་རྗེ་འཇིགས་བྱེད་ལ་མངའ་བརྙེས་པ་ཅིག་ཡོད་པ་གདན་དྲངས་ཏེ། ཡུམ་གྱིས་འཇིགས་བྱེད་དང༌། ཚེ་དཔག་མེད་ཀྱི་དབང་ལན་མང་དུ་ཞུས་སོ། །དེ་ནས་ཆུ་ཕོ་ཁྱིའི་ལོ་ལ་ཡུམ་ལ་གནོད་པ་མེད་པ་ལ་སོགས་པ། བྱང་ཆུབ་སེམས་དཔའི་རྣམ་པར་ཐར་པ་དང་མཐུན་པར་འཁྲུངས་ནས་སྐུ་བལྟམས་པའི་ཚེ་བླ་མ་དེ་ཉིད་སྤྱན་དྲངས་ཏེ། འཇིགས་བྱེད་ཀྱི་ཞལ་གཟིགས་པའི་བླ་མ་ཡོན་ཏན་དཔལ་ཟེར་བའི་གྲུབ་ཐོབ་དེ་ལ་འཇིགས་བྱེད་ཀྱི་དབང་ཞུས་ནས་མཚན་ཡང་འཇིགས་བྱེད་བཟང་པོ་ཞེས་བཏགས། བསྲུང་བའི་དོན་དུ་རྡོ་རྗེ་འཇིགས་བྱེད་ཕྱག་དྲུག་པ་རྒྱའི་ཡུལ་དུ་བཞེངས་པ་ཅིག་རྒྱུན་དུ་བཞུགས་པ་ལ། ད་ལྟ་ཡང་ཨེ་ཝཾ་གྱི་གཟིམས་ཁང་ན་བཞུགས་པ་ཡིན་ནོ། །ཡུམ་གྱི་གསུང་ནས་འདི་ལ་གང་ཟག་བཟང་པོ་ཅིག་འོང་བས། ངེད་རང་རྣམས་དང་ཟས་གོས་མ་འདྲེས་པ་གྱིས་ཞེས་གཞན་དག་ལ་ཡང་ཡང་བསྒོ་ལ། ཁོང་གིས་ཀྱང་གཙང་སྦྲ་ཆེན་པོས་མཆོད་ཅིང༌། ཚོགས་ཆེན་པོར་ཡང་དགའ་སྟོན་དང་སྐུ་རིམ་ལ་གྲོ་བར་འདྲེན་པ་སོགས་སྐུ་རིམ་ལ་བརྩོན་པས་བསྐྱེད་བསྲིངས་ལ། དེ་ལྟར་བྱེད་པ་ཡང་རྟ་ཝེན་ཆེན་པོ་གཞི་ཐོག་པའི་སྲས་ཡིན་པར་གྲགས་ཞེས་ཁོང་པའི་གཟིམས་གཡོག་པའི་ངག་ལས་ཐོས་ཞེས་རྗེ་སངས་རྒྱས་རྒྱལ་མཚན་གྱིས་གསུངས། དེ་ནས་ཀྱང་ལོ་གསུམ་ཙམ་གྱིས་བར་དུ་བླ་མ་དེ་ལ་འཇིགས་བྱེད་དང་ཚེ་དབང་མང་དུ་ཞུས་ཤིང༌། རྗེ་རིན་པོ་ཆེ་འདི་ཉིད་ནི་བྱིས་པ་ཆུང་ཆུང་ནས་ཐ་མལ་གྱི་བྱིས་པའི་སྤྱོད་ཡུལ་ལས་འདས་པ་ཞིག་སྟེ། དགུང་ལོ་གསུམ་བཞི་ཙམ་བཞེས་པའི་དུས་སུའང༌། ཞི་བ་དང༌། དུལ་བ་དང༌། དབེན་པ་ལ་དགེས་ཤིང་དམ་པའི་ཆོས་ལ་བརྩོན། རྩེད་