[A:༥༨༣]པའི་ཕྱག་རྒྱ་ཅན། །སྐུ་ངུར་སྨྲིག་ན་བཟས་རྣམ་པར་མཛེས། །ཞལ་མཛོད་སྤུ་དཀར་པོས་ལེགས་པར་བརྒྱན། །དབུ་པཎ་ཆེན་ཞྭ་ཡི་ཅོད་པན་འཛིན། །ཀུན་དང་བ་སྐྱེད་མཛད་དེ་བཞུགས་སོ། །གཡོན་འོག་ཆར་དཔལ་ལྡན་འཕགས་པའི་མཚན། །ཕྱག་གཡས་པ་མཆོག་སྦྱིན་ཆེན་པོའི་ཚུལ། །གཡོན་ཏིང་འཛིན་གཡོ་མེད་མཉམ་གཞག་ཅན། །མགོན་ཐུབ་པའི་བརྟུལ་ཞུགས་འཛིན་དེ་བཞུགས། །སྟེང་གཡས་ཆར་དགེས་མཛད་ཡུམ་དང་བཅས། །ཆོས་སྙིང་རྗེ་བསྡུ་དངོས་རྣམ་ཐར་སོགས། །ཐབས་དག་པ་རབ་འབྱམས་གར་མཁན་ཚུལ། །དེ་ཡེ་ཤེས་མེ་དཔུང་དབུས་ན་བཞུགས། །དཔལ་བདེ་མཆོག་ཡུམ་བཅས་གཡོན་གྱི་ཆར། །སྐུ་ཚངས་གནས་རྟེན་འབྲེལ་སོགས་རོལ་པས། །ལས་སྒྱུ་འཕྲུལ་ཆེན་པོའི་དོན་བསྒྲུབ་པ། །མེ་རབ་འབར་དབུས་ན་ལྷམ་མེར་བཞུགས། །གཞི་ལམ་དང་འབྲས་བུའི་ཆོས་ལྔ་ཚན། །ཀུན་མཚོན་བྱེད་འཁོར་ལོ་ལ་སོགས་པའི། །ལྷ་རིགས་ལྔའི་ཕྱག་མཚན་གཙོ་བོ་ཡི། །ལོགས་གཡས་གཡོན་སྟེང་གི་ཆ་ན་བཞུགས། །རྒྱུད་དཀྱིལ་འཁོར་རྣམ་བཞི་ལམ་བཟངས་བཞིས། །འགྲོས་རྣམ་བཞི་ཐིམ་པའི་སྐུ་བཞི་ཡི། །རྟགས་མཆོད་རྟེན་རྣམ་བཞི་འཇའི་ནང་གི །ཕྱོགས་གཡས་གཡོན་ཆ་ན་ལེགས་པར་བཞུགས། །དེ་གཡས་ཕྱོགས་སྟེང་ན་རྣམ་རྒྱལ་དང༌། །དེའི་འོག་གི་ཆ་ན་བྱང་ཆེན་གཅིག །གཡོན་དབུས་ཆར་བྱང་ཆེན་ཆེ་བ་དང༌། །དེའི་ཕྱི་ཐད་ཆུང་བ་འཇའ་ལ་བརྟེན། །འོག་གཡས་ཕྱོགས་བསྟན་དང་འགྲོ་བ་ལ། །ལས་གནོད་བྱེད་གདུག་པ་ཀུན་འདུལ་པའི། །དཔལ་ནག་པོ་ཆེན་པོ་ལྕམ་དྲལ་གཉིས། །དུས་ཐ་མའི་མེ་འདྲའི་དབུས་ན་བཞུགས། །རྗེ་བླ་མའི་ཚོགས་དང་ཕྱག་རྒྱ་ལྔ། །གདན་པདྨ་ཟླ་བའི་སྟེང་ན་མཛེས། །ལྷ་ཡི་དམ་ཆོས་སྐྱོང་ལྕམ་དྲལ་བཅས། །དོན་རྣམ་དག་མཚོན་པའི་གདན་ལ་བཞུགས། །འདི་ཐར་ལམ་སྟོན་པའི་བླ་མ་དང༌། །མཆོག་དངོས་གྲུབ་སྩོལ་བའི་ཡི་དམ་ལྷ། །ལས་ཅི་བསམ་སྒྲུབ་པའི་ཆོས་སྲུང་སོགས། །ཡུལ་རྣམ་དག་གཟིགས་ཚུལ་མདོ་ཙམ་ཡིན། །ཁྱད་པར་རྗེ་བཙུན་གྲགས་པའི་ཕྱག་གཡས་ནས། །འོན་དཀར་གཅིག་འཕྲོས་སྔོ་དང་གཉིས་སུ་གྱུར།