R380: ཆོས་ཀྱི་རྗེ་དཔལ་ལྡན་བླ་མ་དམ་པ་རྣམས་ལས་དམ་པའི་ཆོས་ཇི་ལྟར་ཐོབ་པའི་ཚུལ་ལེགས་པར་བཤད་པ་ཟབ་རྒྱས་ཆོས་ཀུན་གསལ་བའི་ཉིན་བྱེད་ལས་ མཁན་ཆེན་འཇམ་པའི་དབྱངས་ངག་དབང་ཆོས་ཀྱི་གྲགས་པས་རྗེས་སུ་བཟུང་བའི་ཚུལ་གྱི་སརྒ

  • Pagination (Witness A): ༦༦བ
[A:༦༦བ]ཐམས་ཅད་མཁྱེན་པ་དེ་ཉིད་འདི་ལ་ཐུགས་རྩིས་ཆེར་མཛད་ཅིང་། ས་པཎ་གྱི་གསུང་ཡིན་པ་གཞིར་བཞག་གནང་། སྨན་ཡན་ལག་བརྒྱད་པའི་སྙིང་པོ་འདི་ས་པཎ་གྱི་གསུང་རིགས་འདྲ་བར་སྣང་། གཞུང་ཚོགས་ཉུང་ལ་དོན་རྒྱ་ཆེ་བ་གོ་བདེ་བ་ཞིག་འདུག ང་བརྒྱད་མའི་འགྲེལ་པར་ཁོ་བོས་བྱས་པའི་སྨན་ཡན་ལག་བརྒྱད་པའི་དོན་བསྡུས་པ་བྱ་བ་ཡོད་པས་དེར་བལྟ་བར་བྱ་གསུངས་པ་དེ་དང་གཅིག་པ་ཡིན་ཤས་ཆེ། སྒྲའི་བསྟན་བཅོས་མཁས་པའི་ཁ་རྒྱན་འདི་ཚིག་གི་ཕྲད་དང་བྱེད་ཚིག་དྲུག་སྒྲ་སོགས་སྐད་གསར་བཅད་དང་མཐུན་པའི་དངོས་གཙང་ཞིང་ཤིན་ཏུ་མཁོ་བ་ཞིག་འདུག་པས། ས་པཎ་གྱི་གསུང་རིགས་འདྲ་བར་སྣང་། སྙན་ངག་ང་ཉིད་ཅེས་པའི་འགྲེལ་པར་ཁོ་བོས་བྱས་པའི་སྙན་ངག་མཁས་པའི་ཁ་རྒྱན་དུ་བལྟ་བར་བྱ་གསུངས་པ་ནི་སྙན་ངག་རང་གི་དབང་དུ་བྱས་པའི་ཁ་རྒྱན་ཡིན་པས་སྒྲའི་འདི་དང་མི་གཅིག་པར་སེམས། བླ་མའི་རྣལ་འབྱོར་གུ་ཤྲཱི་ཇོ་འབུམ་གྱི་དོན་དུ་གནང་བ་འདི་ས་པཎ་གྱིས་མ་མཛད་པ་འདྲ་སྟེ་འདིའི་དབུ་ཕྱོགས་ལ་བལྟས་པས་ཤེས་སོ། །ང་བརྒྱད་མའི་འགྲེལ་པར་ས་པཎ་རང་གིས་མཛད་པའི་སྒྲའི་བསྟན་བཅོས་ཤེས་རབ་འཕྲོ་བ་དང་། སྐུ་གཟུགས་ཀྱི་ཕྱག་ཚད་བསྟན་པ་དང་། ས་བརྟག་པ་ལ་སོགས་པའི་བསྟན་བཅོས་ཡོད་པར་གསུངས་ཀྱང་དཔེ་རྒྱུན་མ་མཆེད་པའམ། དེང་སང་གྲགས་ཚོད་ཆུང་བར་སྣང་། དེང་སང་ལུང་རྒྱུན་བཞུགས་པའི་ཆོས་སྣའི་གྲངས་ལ་བདུན་ཅུ་རྩ་ལྔ་ཡོད་ཅེས་མཁྱེན་རབ་རིན་པོ་ཆེའི་རྣམ་ཐར་ནས་བཤད། ཐ་པ་ལ་བཞུགས་པའི་བཀའ་འབུམ་གྱི་ཐོ་ཡིག་ན་ཨ་ར་པ་ཙ་ནའི་སྒྲུབ་ཐབས་ཀྱི་རྗེས་སུ། འཇམ་དབྱངས་ཀྱི་བསྟོད་པ་ཞིག་ཡོད་པར་