R384: ཆོས་ཀྱི་རྗེ་དཔལ་ལྡན་བླ་མ་དམ་པ་རྣམས་ལས་དམ་པའི་ཆོས་ཇི་ལྟར་ཐོབ་པའི་ཚུལ་ལེགས་པར་བཤད་པ་ཟབ་རྒྱས་ཆོས་ཀུན་གསལ་བའི་ཉིན་བྱེད་ལས་ སྤྲུལ་པའི་སྐུ་སྤྱན་སྔ་ཆོས་ཀྱི་སྤྱན་ལྡན་གྱིས་རྗེས་སུ་བཟུང་བའི་ཚུལ་གྱི་སརྒ

  • Pagination (Witness A): 137
[A:137]ཉིད་གྲོལ་ཞེས་གསུངས། །དེ་ལྟར་ཐུན་མོང་ཐེག་པའི་ཉམས་ལེན་རྣམས། །ཤེས་ཤིང་སྒོམ་པའི་དཔྱོད་ལྡན་སྐྱེས་བུ་དེས། །དབང་གིས་སྨིན་ནས་དམ་ཚིག་གཞིར་བཟུང་སྟེ། །རྡོ་རྗེ་ཐེག་པའི་ལྟ་སྒོམ་སྤྱོད་ལ་བསླབ། །ཚུལ་དེར་རྒྱ་ཆེར་བསྒྲུབ་ཚུལ་མཐའ་ཡས་ཀྱང་། །སྙིང་པོའི་ཉམས་ལེན་བྱ་ཚུལ་འདི་ལྟ་སྟེ། །དབེན་ཞིང་ཉམས་དགའི་བསམ་གཏན་སྤྱིལ་བུ་རུ། །ཆོས་མཐུན་སྟན་ལ་སྒོ་གསུམ་ཆ་མཉམ་སྟེ། །ནམ་ཡང་བསླུ་མེད་དཀོན་མཆོག་རྣམ་བཞི་ལ། །དད་ཤུགས་དྲག་པོས་སྙིང་ནས་སྐྱབས་འགྲོ་ཞིང་། །མཁའ་ཁྱབ་འགྲོ་ལ་དམིགས་པའི་སྙིང་རྗེ་ཡིས། །བླ་མེད་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་བྱ། །དྲིན་ཅན་བླ་མ་སྤྱི་བོར་རྟག་བསྒོམ་ལ། །ཁྱེད་ཤེས་ཁྱེད་མཁྱེན་ཚུལ་གྱི་གསོལ་བ་བཏབ། །མཉམ་རྗེས་ཀུན་ཏུ་སྣང་གྲགས་རིག་གསུམ་འདི། །ལྷ་སྔགས་ཡེ་ཤེས་རོལ་པར་དྲན་བྱས་ལ། །བདག་མེད་གཉིས་ཀྱིས་སྟོང་པའི་རང་གི་སེམས། །རང་རིག་རང་གསལ་གཉུག་མའི་རང་ཞལ་བལྟ། །བལྟས་པས་མ་མཐོང་གསལ་སྟོང་འགག་མེད་དང་། །རྟོག་མེད་མཁའ་ཁྱབ་མཁའ་ཡི་རྡོ་རྗེར་བཞག །ཡིད་ལ་བྱར་མེད་སྒོམ་གྱི་མཆོག་ཡིན་པར། །གསུངས་པས་གཟུང་བྱ་དང་ནི་འཛིན་བྱེད་དང་། །བསྒོམ་བྱ་སྒོམ་བྱེད་ཡོད་མེད་ཡིན་མིན་སོགས། །འཕྲོ་འདུ་ཀུན་སྤངས་མཉམ་ཉིད་ཆེན་པོར་བཞག །ཤེས་པ་བྱིང་ན་སྐྱབས་འགྲོ་གསོལ་གདབ་འབད། །རྒོད་ན་ཐར་མེད་འཁོར་བའི་ཉེས་དམིགས་བསམ། །ཡང་ན་རྣམ་རྟོག་ཐོལ་སྐྱེས་རྦད་བཅད་དེ། །བྱིང་རྒོད་མེད་པར་དབྱིངས་རིག་བསྲེས་ལ་བཞག །ཕྱོགས་རིས་མེད་པའི་རང་སེམས་གསལ་སྟོང་གི །