[A:138]ཆོས་སྐུ་རང་ལ་ཡོད་ཀྱང་མ་ཤེས་པས། །ཐག་ཁྲ་སྦྲུལ་དུ་འཁྲུལ་ལྟར་བདག་འཛིན་གྱིས། །བཅིངས་པའི་འགྲོ་ལ་བཟོད་མེད་སྙིང་རྗེ་བསྒོམ། །དེ་ལྟར་རང་གི་དགེ་བ་ཅི་བསགས་པ། །སེམས་ཅན་དོན་དུ་བྱང་ཆུབ་སར་བསྔོས་ལ། །སྤྱོད་ལམ་ཐམས་ཅད་སྒྱུ་མ་རྨི་ལམ་ལྟར། །དྲན་པས་བསྟན་འགྲོའི་དོན་མང་ཅི་ནུས་བསྒྲུབ། །མདོར་ན་དུས་རྣམས་ཀུན་ཏུ་མ་བརྟགས་པའི། །སྤྱོད་པ་སྤངས་ནས་བརྩོན་ལྡན་དྲན་ཤེས་དང་། །བག་ཡོད་བློ་ཡིས་ཐབས་ཤེས་ཟུང་འབྲེལ་གྱི། །ལམ་འདི་བསྒྲུབས་ན་བྱང་ཆུབ་མྱུར་ཐོབ་འགྱུར། །ད་དུང་གཅེས་པའི་གདམས་ངག་ཅུང་ཟད་བཤད། །ཆགས་པ་སྐྱེ་བའི་ཡུལ་ལ་ཞེན་པ་སྤངས། །ཞེ་སྡང་སྐྱེ་བའི་ཡུལ་ལ་བྱམས་པ་སྒོམས། །གཏི་མུག་སྐྱེ་བའི་ཡུལ་ལ་རྟོག་དཔྱོད་ཐོངས། །ནད་དང་སྡུག་བསྔལ་གང་བྱུང་ལམ་དུ་ཁྱེར། །གདོན་བགེགས་ལྷར་སྒོམས་དེ་ལ་དངོས་གྲུབ་ལོངས། །དེ་ཙམ་མ་ནུས་ཕན་སེམས་སྙིང་རྗེ་སྐྱེད། །མི་རྟག་དྲན་པས་ཡང་ཡང་ལྕག་གིས་སྐུལ། །ཕྱི་རོལ་སྣང་བའི་ཡུལ་ལ་ཞེན་པ་ཐོངས། །ནང་དུ་རང་སེམས་འཛིན་པའི་རྩ་བ་ཆོད། །བར་དུ་རྣམ་སྨིན་ལུས་ཀྱི་གཅེས་འཛིན་བཤིག །སྲིད་པ་ཧྲུལ་པོར་གཏོང་བའི་ཐབས་མཆོག་ལགས། །སྐྱེས་ཆེན་དམ་པ་རྣམས་ཀྱི་བཀའ་དྲིན་ལས། །ཟབ་རྒྱས་ཆོས་ཚུལ་མནོས་པའི་སྙིང་པོའི་དོན། །ཉམས་སུ་ལེན་ཚུལ་མདོ་རྒྱུད་དགོངས་པ་བཞིན། །བཤད་པ་འདི་ལ་དཔྱོད་ལྡན་ཀུན་དགེས་མཛོད། །ཁུངས་དང་འབྲེལ་བའི་ཟབ་ཆོས་མཐའ་ཡས་པ། །ཐོས་ཚུལ་བསྟན་བཅོས་རྟ་ལྗང་འདི་ཤར་བས། །དམ་ཆོས་རིན་ཆེན་གཏེར་མང་གསལ་མཐོང་ཕྱིར། །ཟབ་རྒྱས་ཆོས་ཀུན་གསལ་བའི་ཉིན་བྱེད་