R396: དཔལ་ལྡན་ས་སྐྱ་པའི་སྔགས་ཕྱོགས་ཀྱི་བསྟན་འཛིན་ངོར་རྫོང་རྣམ་གཉིས་ཀྱི་ཀྱཻ་རྡོ་རྗེ་མན་ངག་ལུགས་ཀྱི་ཕྱག་ལེན་གྱི་རིམ་པ་གཙོ་བོར་གྱུར་པའི་ཟབ་མོའི་གནད་འགའ་ཞིག་ལ་བཞེད་ཚུལ་མི་འདྲ་བའི་གྲུབ་མཐའི་རྣམ་གཞག་མདོ་ཙམ་བཤད་པ་ལུགས་གཉིས་གསལ་བའི་ཉིན་བྱེད།

  • Pagination (Witness A): ༥༣ན
[A:༥༣ན]རྣམ་འགྱུར་ངོམ་པའོ། །བཤད་མཛོད་མ་དང་། སྒ་ཐེང་མ་ལས་བཤད་པ་དེ་ལྟར་ཁོ་བོ་ཅག་གིས་ཀྱང་འདོད་པས་འགལ་བ་ཅི་ཞིག་ཡོད། དེ་དག་ཏུ་བསྐྱེད་པ་ཞེས་བཤད་པས་རང་བཞིན་གྱིས་གྲུབ་པར་འདོད་པ་དང་འགལ་ལོ་སྙམ་ན། ལོག་རྟོག་དེ་ཆོས་ལུགས་འདི་ལས་ཕྱིར་ཕྱོགས་ཤིང་། ཡིད་བསྲུབ་ཀྱི་གསང་ཚིག་སྙིང་ལ་ཞུགས་པའི་བཤེས་གཉེན་གཞན་ལ་ཡང་སྐྱེས་ནས་ལུས་ལ་ལྷ་བསྐྱེད་པ་དང་ལུས་དཀྱིལ་གྱི་ཁྱད་པར་མ་ཕྱེད་ཅེས་པའི་སུན་འབྱིན་གྱི་དུག་མདའ་འཕངས་པའི་རྗེས་སུ་ཁྱེད་ཀྱང་འཇུག་པར་འདོད་པའོ། །འོ་ན་ལུས་དཀྱིལ་གྱི་ལྷ་རྣམས་དང་པོ་ནས་གྲུབ་པ་གསལ་འདེབས་པ་ཡིན་གྱི། ཆོ་གའི་སྒོ་ནས་གསར་དུ་བསྐྱེད་པ་མ་ཡིན་ན། སློབ་དཔོན་རིན་པོ་ཆེས་བྷྲུྃ་ལ་སོགས་པ་ཕོ་བྲང་ལྔའི་ས་བོན་དུ་བཤད་པས། དེའི་ཚེ་ལྷ་རྣམས་ས་བོན་ལས་བསྐྱེད་པ་ཕྱི་བསྐྱེད་རིམ་དང་མཐུན་པའི་བསྐྱེད་ཚུལ་ཞིག་ལས་འོས་མེད་དོ་སྙམ་ན། དོགས་པ་དེ་འདྲ་བ་དབང་བརྟུལ་འགའ་ཞིག་ལ་སྐྱེ་སྲིད་པ་ལ་དགོངས་ནས་ངག་འདོན་དེ་ལྟར་མཛད་པ་ཡིན་ལ། སློབ་དཔོན་རིན་པོ་ཆེའི་ལུང་དེའི་དོན་ནི་བྷྲུྃ་ལ་སོགས་པ་རྣམས་ཕོ་བྲང་ལྔའི་གཙོ་བོ་རྣམས་ཀྱི་ས་བོན་ཡིན་པར་བསྟན་གྱི། ལུས་དཀྱིལ་བསྒོམ་པའི་ཚེ་ས་བོན་དེ་རྣམས་ལས་བསྐྱེད་དགོས་པར་མ་བསྟན་ནོ། །འོ་ན་ཅི་སྙམ་ན་ལམ་དུས་ཀྱི་རིག་པའི་དབང་ལྔའི་གཙོ་བོར་གནས་གྱུར་པ་ལྟ་བུའི་ཚེ་རྒྱུ་དབང་དང་མཐུན་པར་རྡོ་རྗེའི་ཆོ་ག་གསུམ་ལས་བསྐྱེད་པའམ། ས་བོན་ལས་བསྐྱེད་ན་བྷྲུྃ་ལ་སོགས་པ་ལས་བསྐྱེད་ཅེས་པའི་དོན་ཡིན་གྱི། ལུས་དཀྱིལ་བསྒོམ་པའི་ཚེ་ས་བོན་བྷྲུྃ་ལ་སོགས་པ་ལས་བསྐྱེད་དགོས་པའི་དོན་མིན་