R396: དཔལ་ལྡན་ས་སྐྱ་པའི་སྔགས་ཕྱོགས་ཀྱི་བསྟན་འཛིན་ངོར་རྫོང་རྣམ་གཉིས་ཀྱི་ཀྱཻ་རྡོ་རྗེ་མན་ངག་ལུགས་ཀྱི་ཕྱག་ལེན་གྱི་རིམ་པ་གཙོ་བོར་གྱུར་པའི་ཟབ་མོའི་གནད་འགའ་ཞིག་ལ་བཞེད་ཚུལ་མི་འདྲ་བའི་གྲུབ་མཐའི་རྣམ་གཞག་མདོ་ཙམ་བཤད་པ་ལུགས་གཉིས་གསལ་བའི་ཉིན་བྱེད།

  • Pagination (Witness A): ༥༢བ
[A:༥༢བ]དང་། ནང་ལུས་ཀྱི་རྩ་ཁམས་རྣམས་ལྷའི་རང་བཞིན་དུ་གདོད་མ་ཉིད་ནས་གྲུབ་པར་བཤད་པས་སོ། །དེ་བཞིན་དུ་འཁོར་ལོ་གཞན་རྣམས་དང་། ལུས་དཀྱིལ་གྱི་ལྷ་གཞན་རྣམས་ལའང་དེ་ལྟར་ཤེས་པར་བྱས་ལ། འབྲས་བུ་ལ་ཞེན་ཅིང་ལམ་ལ་ཞུགས་པས་གོམས་པ་རབ་ཀྱི་མཐར་ཕྱིན་པར་འགྱུར་ཏེ། ལུས་ཀྱི་རྩ་ཡིག་ལ་སོགས་པ་རྣམས་ལྷར་མཐོང་བ་ལ་སོགས་པའི་གསལ་སྣང་ཁྱད་པར་ཅན་སྐྱེས་པ་དེའི་ཚེ་ལུས་ཀྱི་དཀྱིལ་འཁོར་མཐོང་བ་ཞེས་བྱ་ལ། མཐར་རང་ལུས་ཀྱི་རྟེན་དཀྱིལ་འཁོར་བཞི་པོ་དེ་ཉིད་ལས་ལོགས་སུ་སྐུ་བཞི་བཙལ་མི་དགོས་པར་ཡོན་ཏན་གྱི་ཚོགས་ཡར་ལྡན་དུ་གྱུར་པ་དེ་ཉིད་ལ་འབྲས་བུ་མཐར་ཐུག་པ་ཞེས་བྱ་བ་ཡིན་ནོ། །དེ་ལྟ་བུའི་གོ་བ་རགས་པ་ཙམ་ཡོད་པའི་གང་ཟག་རྣམས་ཀྱིས་ཨྃ་ཡིག་ལས་ལོགས་སུ་གྱུར་པའི་རིན་འབྱུང་ཞིག་བསྐྱེད་ཆོག་གི་སྒོ་ནས་གསར་དུ་བསྐྱེད་དགོས་པའི་དོགས་པ་མི་འབྱུང་བས་ངག་འདོན་གྱི་རིམ་པ་ཇི་ལྟར་བྱས་ཀྱང་དོན་ལ་འགལ་བ་ཅི་ཡང་ཡོད་པ་མ་ཡིན་ནོ། །གཉིས་པ་ནི། དང་པོའི་ལས་ཅན་དུ་གྱུར་པའི་གང་ཟག་འགའ་ཞིག་ལ་ཨྃ་ལས་རིན་ཆེན་འབྱུང་ལྡན་ཞེས་སོགས་ཀྱི་ངག་འདོན་དེ་ལ། ཕྱི་དཀྱིལ་དང་མཐུན་པར་ཨྃ་ཡོངས་སུ་གྱུར་པ་ལས་བྱུང་བའི་རིན་འབྱུང་ཞིག་ཆོ་གའི་སྒོ་ནས་གསར་དུ་བསྐྱེད་དགོས་པར་དོགས་པའི་སྐབས་སྲིད་པས། དེ་འདྲ་བའི་འཁྲུལ་གཞི་མི་འབྱུང་བའི་ཕྱིར་དང་། ཡི་གེ་དེ་ཉིད་ལྷར་གོ་བའི་ཕྱིར་ངག་འདོན་དེ་ལྟར་མཛད་པ་ཡིན་གྱིས། ལས་ཤེས་པའི་ཚིག་དེ་ནོར་པ་ཡིན་པས་བྱར་མི་རུང་ངོ་ཞེས་པའི་དོན་མ་ཡིན་པས། དེ་ཙམ་ལ་གནད་བཅོས་པའི་ཚིག་ཏུ་བསམ་ནས་དགག་བསྒྲུབ་བྱེད་པ་ནི་བློ་གྲོས་དོག་པའི་