R396: དཔལ་ལྡན་ས་སྐྱ་པའི་སྔགས་ཕྱོགས་ཀྱི་བསྟན་འཛིན་ངོར་རྫོང་རྣམ་གཉིས་ཀྱི་ཀྱཻ་རྡོ་རྗེ་མན་ངག་ལུགས་ཀྱི་ཕྱག་ལེན་གྱི་རིམ་པ་གཙོ་བོར་གྱུར་པའི་ཟབ་མོའི་གནད་འགའ་ཞིག་ལ་བཞེད་ཚུལ་མི་འདྲ་བའི་གྲུབ་མཐའི་རྣམ་གཞག་མདོ་ཙམ་བཤད་པ་ལུགས་གཉིས་གསལ་བའི་ཉིན་བྱེད།

  • Pagination (Witness A): ༥༣བ
[A:༥༣བ]ནོ། །གལ་ཏེ་ཡིན་ན་ས་བོན་དེ་དག་ལས་ལུས་དཀྱིལ་གྱི་ལྷ་རྣམས་བསྐྱེད་པར་བཤད་དགོས་པ་ལས་ཁུངས་ཐུབ་ཀྱི་གཞུང་བཤད་མཐའ་དག་ལས་ཡི་གེ་དེ་དག་ལས་བསྐྱེད་པའི་ཚུལ་ཅུང་ཟད་ཀྱང་མ་བཤད་པས། རྗེ་ས་སྐྱ་པ་ཆེན་པོའི་གསུང་དང་དངོས་སུ་འགལ་བའི་ལུས་དཀྱིལ་གྱི་བསྐྱེད་གཞི་ཞིག་ལས་ལུས་དཀྱིལ་གྱི་ལྷ་རྣམས་བསྐྱེད་དགོས་པ་སློབ་དཔོན་རིན་པོ་ཆེའི་བཞེད་པར་བསྒྲུབ་པ་ནི་སློབ་དཔོན་རིན་པོ་ཆེ་ལ་སྐུར་པ་མི་ཟད་པ་འདེབས་པ་ཡིན་ཏེ། ཁྱོད་ཀྱི་འདོད་པ་དེ་ལྟར་ན་ས་ལུགས་ཀྱི་གཞུང་བཤད་སྔ་ཕྱི་མཐའ་དག་འདོར་དགོས་པར་སྣང་བའི་ཕྱིར་རོ། །གལ་ཏེ་ཕོ་བྲང་ལྔའི་ལུས་དཀྱིལ་རྒྱུད་གཞུང་གི་དགོངས་པར་བསྒྲུབ་པའི་ཕྱིར། །བརྟག་གཉིས་ཀྱི་ལུང་དེ་ཕྱོགས་མཐུན་དུ་སྦྱར་བ་ཡིན་གྱི། ཡི་གེ་དེ་དག་ལས་ངེས་པར་བསྐྱེད་དགོས་པར་མི་འདོད་དོ་སྙམ་ན། འོ་ན་ས་བོན་དུ་བཤད་པ་དེ་ཡང་ཕྱོགས་མཐུན་པ་ཙམ་ལ་དགོངས་ནས་བསྐྱེད་གཞི་ལ་ས་བོན་དུ་བཏགས་པ་ཙམ་ཡིན་གྱི་ས་བོན་མཚན་ཉིད་པ་མ་ཡིན་ནོ། །དེས་ན་བྷྲུྃ་ལ་སོགས་པའི་ཡི་གེ་འབྲུ་ལྔ་རིགས་ལྔའི་ས་བོན་དུ་བཤད་པ་ཙམ་གྱིས་ལུས་དཀྱིལ་གྱི་ལྷ་རྣམས་ས་བོན་ལས་བསྐྱེད་པར་ཁས་ལེན་དགོས་ན། །རྣམ་བཤད་ཉི་འོད་ལས་བྷྲུྃ་ལ་སོགས་པ་རྣམས་དེ་བཞིན་གཤེགས་པ་ལྔའི་བདག་ཉིད་ཡིན་པར་བཤད་པས་ཡིག་འབྲུ་ལྔ་པོ་དེ་དེ་བཞིན་གཤེགས་པ་ལྔའི་ངོ་བོའམ། བདག་ཉིད་དུ་ཡང་ཁས་བླང་དགོས་པར་འགྱུར་ལ། དེ་ལྟར་རིགས་ལྔའི་ས་བོན་ཡིན་པ་དང་། བདག་ཉིད་ཡིན་པ་གཉིས་ཁྱེད་ལ་ཤིན་ཏུ་འགལ་བ་ཡིན་ཏེ། ཕོ་བྲང་ལྔའི་དབུས་ཀྱི་ཡིག་འབྲུ་རྣམས་རིགས་ལྔའི་ངོ་བོ་ལས་གཞན་པའི་ས་བོན་དུ་ཁྱོད་ཀྱིས་ཁས་བླངས་པའི་ཕྱིར་