R396: དཔལ་ལྡན་ས་སྐྱ་པའི་སྔགས་ཕྱོགས་ཀྱི་བསྟན་འཛིན་ངོར་རྫོང་རྣམ་གཉིས་ཀྱི་ཀྱཻ་རྡོ་རྗེ་མན་ངག་ལུགས་ཀྱི་ཕྱག་ལེན་གྱི་རིམ་པ་གཙོ་བོར་གྱུར་པའི་ཟབ་མོའི་གནད་འགའ་ཞིག་ལ་བཞེད་ཚུལ་མི་འདྲ་བའི་གྲུབ་མཐའི་རྣམ་གཞག་མདོ་ཙམ་བཤད་པ་ལུགས་གཉིས་གསལ་བའི་ཉིན་བྱེད།

  • Pagination (Witness A): ༥༨བ
[A:༥༨བ]གསུང་པ་ནང་འགལ་བསྒྲུབ། སྤྱི་གསལ་འདྲེས་པས་རྗེ་བཙུན་གྱི་གསུང་ལ་ནང་འགལ་བསྒྲུབ། ཅལ་ཅོལ་མང་པས་ཀླུ་སྒྲུབ་སོགས་རྩ་ལྟུང་ཅན་དུ་བསྒྲུབ་པའོ། །དང་པོ་ནི། ཁྱེད་ཀྱིས་རབ་བྱུང་ལ་ཚོགས་འཁོར་བྱ་དགོས་སྟེ། ཆོས་རྗེས་དེ་ལ་དཔའ་བོའི་སྟོན་མོ་དགོས་པར་བསྟན་པ་གང་ཞིག དཔའ་བོའི་སྟོན་མོ་དེ་ཚོགས་འཁོར་གྱི་དབྱེ་བར་ལྗོན་ཤིང་ལས་དང་། ཆོས་རྗེ་རང་གཉིས་ཆར་གྱིས་བཤད་པའི་ཕྱིར། ཞེས་པ་དེ་ལ་འདི་ལྟར། ལྗོན་ཤིང་ལས་ཚོགས་འཁོར་གྱི་དབྱེ་བར་བཤད་པའི་ཚོགས་འཁོར་ཡིན་ན། ས་སྐྱ་པ་རང་ལུགས་ཀྱི་ཚོགས་འཁོར་ཡིན་དགོས་པར་ཐལ། ལྗོན་ཤིང་ལས་བཤད་པའི་ཚོགས་འཁོར་ཡིན་ན་ས་སྐྱ་པ་རང་ལུགས་ཀྱི་ཚོགས་འཁོར་ཡིན་དགོས་པའི་ཕྱིར། རྟགས་ཁྱབ་གྲུབ་མཐའ་ལ་སོང་བ་ཨེ་ངེས། འདོད་ན། ཆོས་རྗེས་བཤད་པའི་དཔའ་བོའི་སྟོན་མོ་ཆོས་ཅན། དེར་ཐལ། དེའི་ཕྱིར། འཁོར་གསུམ་ཆར་ལ་ལན་མེད་དོ། །གཞན་ཡང་དེ་ཆོས་ཅན། རྣལ་འབྱོར་པའི་བྱ་བའི་ཚོགས་འཁོར་ཡིན་པར་ཐལ། ལྗོན་ཤིང་ལས་གསུངས་པའི་ཚོགས་འཁོར་མཚན་ཉིད་པ་ཡིན་པའི་ཕྱིར། རྟགས་ཁས། འདོད་ན་མ་ཡིན་པར་ཐལ། རབ་བྱུང་གི་བྱ་བའི་དཔའ་བོའི་སྟོན་མོ་ཡིན་པའི་ཕྱིར། དེ་གཉིས་ཀྱི་ཁྱབ་འབྲེལ་ནི། རྣལ་འབྱོར་པའི་བྱ་བའི་ཚོགས་འཁོར་མཚན་ཉིད་པ་དང་། རབ་བྱུང་གི་བྱ་བའི་རྗེས་མཐུན་པ་གཉིས་སོ་སོར་ཕྱེ་སྟེ་བཤད་པ་ལས་ཤེས་སོ། །གཉིས་པ་ནི། རབ་བྱུང་གི་དཔའ་བོའི་སྟོན་མོ་བྱར་རུང་བས། ཚོགས་འཁོར་བྱར་རུང་དགོས་ན། འདི་ལྟར་རྗེ་བཙུན་གྱི་བཤད་པའི་དཔའ་བོའི་སྟོན་མོ་དེ་ཚོགས་འཁོར་མཚན་ཉིད་པར་ཡིན་པར་