R396: དཔལ་ལྡན་ས་སྐྱ་པའི་སྔགས་ཕྱོགས་ཀྱི་བསྟན་འཛིན་ངོར་རྫོང་རྣམ་གཉིས་ཀྱི་ཀྱཻ་རྡོ་རྗེ་མན་ངག་ལུགས་ཀྱི་ཕྱག་ལེན་གྱི་རིམ་པ་གཙོ་བོར་གྱུར་པའི་ཟབ་མོའི་གནད་འགའ་ཞིག་ལ་བཞེད་ཚུལ་མི་འདྲ་བའི་གྲུབ་མཐའི་རྣམ་གཞག་མདོ་ཙམ་བཤད་པ་ལུགས་གཉིས་གསལ་བའི་ཉིན་བྱེད།

  • Pagination (Witness A): ༥༨ན
[A:༥༨ན]རྣམས་ད་གཟོད་ལོང་། །ཞེས་གསུངས་པ་དེ་འདྲ་བའི་ཐོག་ཏུ་བབས་པར་སྣང་ངོ་། །སྨྲས་པ། མི་ཤེས་ལུང་དང་རིགས་པ་ཡི། །ཚིག་ཕྲེང་ངལ་བ་ལྷུར་བྱས་ཀྱང་། །བླུན་པོའི་ཁ་ཤགས་ཇི་བཞིན་དུ། །རང་གིས་རང་ཉིད་ཕམ་པར་བྱས། །རྒོལ་བ་བརྒྱད་པ་ནི། བཟའ་བའི་དམ་ཚིག་མེད་པ་རྣམས། །ཞེས་སྨྲས་ནས། དེའི་རྒྱས་བཤད་དུ་གཞན་དག་ན་རེ། དབང་བསྐུར་རབ་གནས་ཀྱི་དུས་སུ་སྡོམ་བརྩོན་རབ་བྱུང་རྣམས་ཀྱི་ཚོགས་འཁོར་མི་བྱེད་དེ། ཆོས་ཀྱི་རྗེ་ས་སྐྱ་པཎྜི་ཏས་བཀག་པའི་ཕྱིར་རོ་ཞེས་འདོད་དོ། །དེ་མི་འཐད་པ་ནི་ཆོས་རྗེ་རང་གི་ལུང་དང་འགལ་བ་དང་། རྗེ་བཙུན་ཆེན་པོའི་ལུང་དང་འགལ་བས་སོ་ཞེས་སུན་འབྱིན་པའི་ཚེ། ཆོས་ཀྱི་རྗེས་རབ་བྱུང་ལ་དཔའ་བོའི་སྟོན་མོ་དགོས་པར་བསྟན་ཞིང་། དཔའ་བོའི་སྟོན་མོ་དེ་ཚོགས་འཁོར་གྱི་དབྱེ་བར་མངོན་རྟོགས་ལྗོན་ཤིང་དུ་གསུངས་ཤིང་། ཆོས་རྗེ་རང་གིས་ཀྱང་གསུངས། ཕྱོགས་སྔ་མ་ནི་དུས་ཁྱད་པར་ཅན་གྱི་དུས་སུ་དཔའ་བོའི་སྟོན་མོ་ཡང་མི་བྱེད་པས་བཟའ་བའི་དམ་ཚིག་ལས་ཉམས། ཆོས་རྗེས་བཤད་པ་ནི་ཀླུ་སྒྲུབ་ནས་ཇོ་བོ་དང་ཁ་ཆེ་པཎ་ཆེན་སོགས་ཀྱི་ལུགས་ཡིན་པས་ས་སྐྱ་པའི་རང་ལུགས་མ་ཡིན་ཞེས་དང་། དུས་ཁྱད་པར་ཅན་གྱི་ཚེ་རབ་བྱུང་གི་ཚོགས་འཁོར་མ་བྱས་ན་རྩ་ལྟུང་བཅུ་གསུམ་པར་འགྲོ་བ་འཁྲུལ་སྤོང་གི་དགོངས་པ་ཡིན་ནོ། །ཞེས་སྨྲ་ཞིང་རྒོལ་བར་བྱེད་དོ། །ལན་ལ་གསུམ་སྟེ། རྒོལ་བས་ཚིག་ལ་ནང་འགལ་སྤོང་བ། གོང་མའི་གསུང་ལ་དོགས་པ་དཔྱད་པ། དངོས་ལན་བཏབ་པ་འཕྲོས་དང་བཅས་པའོ། །དང་པོ་ལ་གསུམ་སྟེ། རྒོལ་བས་དངོས་རྟགས་མ་ཕྱེད་པས་ས་པཎ་གྱི་