R396: དཔལ་ལྡན་ས་སྐྱ་པའི་སྔགས་ཕྱོགས་ཀྱི་བསྟན་འཛིན་ངོར་རྫོང་རྣམ་གཉིས་ཀྱི་ཀྱཻ་རྡོ་རྗེ་མན་ངག་ལུགས་ཀྱི་ཕྱག་ལེན་གྱི་རིམ་པ་གཙོ་བོར་གྱུར་པའི་ཟབ་མོའི་གནད་འགའ་ཞིག་ལ་བཞེད་ཚུལ་མི་འདྲ་བའི་གྲུབ་མཐའི་རྣམ་གཞག་མདོ་ཙམ་བཤད་པ་ལུགས་གཉིས་གསལ་བའི་ཉིན་བྱེད།

  • Pagination (Witness A): ༥༩ན
[A:༥༩ན]ཐལ། དེ་དེའི་དབྱེ་བ་ཡིན་པའི་ཕྱིར། འདོད་ན། རྣལ་འབྱོར་ཕོ་མོ་གཉིས་ཀ་ཚོགས་པའི་འཁོར་ལོ་ཡིན་པར་ཐལ། ཚོགས་འཁོར་མཚན་ཉིད་པ་ཡིན་པའི་ཕྱིར། ཁྱབ་སྟེ། ལྗོན་ཤིང་ལས། རྣལ་འབྱོར་ཕོ་མོ་གཉིས་ཀ་ཚོགས་ན་ཚོགས་ཀྱི་འཁོར་ལོ། དཔའ་བོ་འབའ་ཞིག་ཚོགས་ན་དཔའ་བོའི་སྟོན་མོ། དཔའ་མོ་འབའ་ཞིག་ཚོགས་ན་དཔའ་མོའི་སྟོན་མོར་བཤད་པའི་ཕྱིར། གཞན་ཡང་དཔའ་བོའི་སྟོན་མོ་ཚོགས་འཁོར་མཚན་ཉིད་པ་ཡིན་ན། ཕྱོགས་སྔ་མ་ནི་དུས་ཁྱད་པར་ཅན་ལ་དཔའ་བོའི་སྟོན་མོ་ཙམ་ཡང་མི་བྱེད་ཅེས་པའི་ཡང་སྒྲས་གང་གཅོད་པ་ཡིན་སྨྲ་དགོས་སོ། གསུམ་པ་ནི། དུས་ཁྱད་པར་ཅན་གྱི་ཚེ་རབ་བྱུང་གི་ཚོགས་མ་བྱས་ན་རྩ་ལྟུང་འབྱུང་བ་འཁྲུལ་སྤོང་གི་དགོངས་པ་ཡིན་ན། ཆོས་རྗེས་བཤད་པའི་ཀླུ་སྒྲུབ་ནས་ཆོས་རྗེ་རང་གི་བར་མཐའ་དག་རྩ་ལྟུང་ཅན་དུ་ཐལ། དུས་ཁྱད་པར་ཅན་ལ་ཚོགས་འཁོར་མཚན་ཉིད་པ་མི་མཛད་པའི་གང་ཟག་ཡིན་པའི་ཕྱིར། གཏན་ཚིགས་གྲུབ་སྟེ་དེ་གཉིས་ཀྱི་ཟླས་ཕྱེ་བའི་ཚོགས་འཁོར་རྗེས་མཐུན་པ་ཁོ་ན་མཛད་པ་པོའི་གང་ཟག་ཡིན་པའི་ཕྱིར། ཁྱབ་སྟེ། དེ་དག་གི་མཛད་བྱ་རྗེས་མཐུན་པ་ཁོ་ན་ཡིན་ན་མཚན་ཉིད་པ་ཡིན་པར་འགལ་བའི་ཕྱིར་རོ། །གཞན་ཡང་ཁྱོད་ཀྱིས་ཁོ་བོ་ཅག་དབང་བསྐུར་རབ་གནས་སོགས་ཀྱི་ཚེ་དཔའ་བོའི་སྟོན་མོ་ཙམ་ཡང་མི་བྱེད་པ་ངེས་པ་ཅན་སུ་ཞིག་ལས་ཐོས། ཁྱོད་ལྟར་དུ་ཤ་ཆང་དང་ཕྱི་དྲོའི་ཁ་ཟས་གང་འབྱོར་ཞིག་ལ་ནང་མཆོད་བྱིན་རླབས་ཤིག་བྱས་ནས་བག་མེད་དུ་བསྟེན་པ་ལ་འཇིག་རྟེན་པ་དག་འཁྲུལ་གཞི་བསྐྱེད་པའི་ཕྱིར་ཚོགས་འཁོར་བྱེད་དོ་ཞེས་དྲིལ་ཆེན་པོ་སྒྲོག་པར་བྱེད་དམ། གལ་ཏེ་མི་