R396: དཔལ་ལྡན་ས་སྐྱ་པའི་སྔགས་ཕྱོགས་ཀྱི་བསྟན་འཛིན་ངོར་རྫོང་རྣམ་གཉིས་ཀྱི་ཀྱཻ་རྡོ་རྗེ་མན་ངག་ལུགས་ཀྱི་ཕྱག་ལེན་གྱི་རིམ་པ་གཙོ་བོར་གྱུར་པའི་ཟབ་མོའི་གནད་འགའ་ཞིག་ལ་བཞེད་ཚུལ་མི་འདྲ་བའི་གྲུབ་མཐའི་རྣམ་གཞག་མདོ་ཙམ་བཤད་པ་ལུགས་གཉིས་གསལ་བའི་ཉིན་བྱེད།

  • Pagination (Witness A): ༦༢བ
[A:༦༢བ]པས་སྐྱོན་དུ་མི་འགྱུར་རོ་སྙམ་ན། མིན་ཏེ། བདེ་མཆོག་སྟོད་འགྲེལ་ལས། གང་གི་ཚེ་དབང་བསྐུར་བ་ལ་སོགས་པའི་ཉིན་ཞག་ལ་བྱ་བའི་ཕྱིའི་དམ་ཚིག་གིས་ནི་ཤིན་ཏུ་སྦས་པས་བྱ་ཞིང་། ཕྱི་ནས་བླ་མ་དམ་པ་རྣམས་ཀྱིས་རིགས་ཀྱི་བུ་རྣམས་ལ་དགག་པར་བྱའོ། །དགེ་སློང་རྣམས་ལ་ནི་དབང་བསྐུར་བའི་དུས་སུ་ཡང་སྦྱིན་པར་མི་བྱ་སྟེ། ཆོས་གོས་འཛིན་པ་རྣམས་ལ་བླ་མས་རང་གི་ཚིག་གི་ཐམས་ཅད་རབ་ཏུ་བསྟན་པར་བྱའོ། །རྣམ་པ་གཞན་དུ་ན་བླ་མ་དམ་ཚིག་ལས་ཉམས་པར་འགྱུར་རོ། །ཞེས་བཤད་པའི་ཕྱིར་རོ། །དེས་ན་སྦྱང་རྟོགས་སྦར་གསུམ་དངོས་སུ་ནུས་ཀྱང་རབ་ཏུ་བྱུང་བའི་ཆ་ལུགས་འཛིན་པས་དེ་ལྟ་བུ་དངོས་སུ་བྱས་ན་རང་ཉིད་ལ་ཉེས་པར་མི་འགྱུར་ཡང་། ཐུབ་པའི་བསྟན་པ་ལ་གནོད་པའི་ཕྱིར་དངོས་སུ་མི་མཛད་པ་ཡིན་ནོ། །དེ་ལྟར་ན་དབང་དུས་སུ་བཟའ་བའི་དམ་ཚིག་ཏུ་གསུངས་པ་དེ་དག་ཉམས་པར་འགྱུར་བ་མ་ཡིན་ནམ་སྙམ་ན། དུས་ཁྱད་པར་ཅན་གྱི་ཚེ་ནི་མཁྱེན་རབ་དབང་ཕྱུག་གིས་ཇི་སྐད་བཤད་པ་ལྟར་རྗེས་མཐུན་པའི་ཚུལ་གྱིས་ཉམས་སུ་བླངས་པས་ཆོག་ལ། རྒྱུན་གྱི་བཟའ་བའི་དམ་ཚིག་ཏུ་ནི་ཆོ་ག་བཞིན་དུ་བསྒྲུབ་པའི་བདུད་རྩི་རིལ་བུ་ཇི་ཙམ་འབྱོར་པ་བསྟེན་པས་དག་བྱ་དེ་ལེགས་པར་ཁེགས་པ་ཡིན་ཏེ། འགྲེལ་ཆེན་དེ་ཉིད་ལས། རྣམ་པར་སྣང་མཛད་ལ་སོགས་པ་ལྔའི་རིལ་བུ་ཡུངས་ཀར་གྱི་ཚད་ཙམ་ཉི་མ་སོ་སོར་དམ་ཚིག་བསྟེན་པའི་དོན་དུའོ་ཞེས་གསུངས་པས་སོ། །གསུམ་པ་ནི། སྤྱིར་རྡོ་རྗེ་ཐེག་པའི་གཞུང་ལས་བཤད་པའི་མཆོད་པའི་ཡོ་བྱད་དང་། ཚོགས་ཀྱི་རྫས་དང་རྫོགས་རིམ་བསྒོམ་པའི་ཚེ། ལུས་དུབ་པ་གསོ་བའི་ཕྱིར་དུ་གསུངས་པའི་ཤ་ནི་ཁ་ན་མ་ཐོ་