R396: དཔལ་ལྡན་ས་སྐྱ་པའི་སྔགས་ཕྱོགས་ཀྱི་བསྟན་འཛིན་ངོར་རྫོང་རྣམ་གཉིས་ཀྱི་ཀྱཻ་རྡོ་རྗེ་མན་ངག་ལུགས་ཀྱི་ཕྱག་ལེན་གྱི་རིམ་པ་གཙོ་བོར་གྱུར་པའི་ཟབ་མོའི་གནད་འགའ་ཞིག་ལ་བཞེད་ཚུལ་མི་འདྲ་བའི་གྲུབ་མཐའི་རྣམ་གཞག་མདོ་ཙམ་བཤད་པ་ལུགས་གཉིས་གསལ་བའི་ཉིན་བྱེད།

  • Pagination (Witness A): ༦༢ན
[A:༦༢ན]ནི་མུ་ཏིག་གི་འབྲས་བུར་འགྱུར་བ་དང་། ཐོད་པ་ནི་པདྨར་འགྱུར་བ་དང་། ཤ་ནི་པུ་ཏྲ་ཀེ་ཤར་འགྱུར་བ་དང་། ཁྲག་ནི་སིཧླ་ཀར་འགྱུར་བ་དང་། གཅི་བ་ནི་གླ་རྩིར་འགྱུར་བ་དང་། ཁུ་བ་ནི་ག་པུར་དུ་འགྱུར་བ་དང་། གཤང་བ་ནི་གཞི་མཉམ་དུ། བ་སྤུ་རྣམས་ནི་གུར་གུམ་གྱི་གེ་སར་དུ་འགྱུར་བ་སྟེ། དེ་ལྟར་གདུག་པའི་རྫས་དུ་མ་རྣམས་ནི་གདུག་པའི་རང་བཞིན་ཡོངས་སུ་བཏང་བའི་ཕྱིར་སྦྱང་བ་བྱས་པ་དང་། རྟོགས་པ་བྱས་པ་དང་། རབ་ཏུ་འབར་བར་བྱས་པ་དང་། བདུད་རྩིར་བྱས་པ་རྣམས་རང་བཞིན་གྱིས་ཟོས་པ་ཡང་ལུས་ལ་སྟོབས་ཆེན་པོ་རྒྱས་པར་བྱེད་པར་འགྱུར་རོ། །གཤང་བ་ལ་སོགས་པ་རང་བཞིན་གྱིས་དག་པ་རྣམས་ལུས་ལ་བྱུགས་པ་ནི་མཆོག་གི་དྲི་རབ་ཏུ་ལྡང་བར་བྱེད་དོ། །དེའི་ཕྱིར་རྣལ་འབྱོར་པ་རྣམས་ཀྱིས་དེ་བཞིན་གཤེགས་པས་གསུངས་པ་རྣམས་ཏེ། གཞན་ལྷ་དང་སྔགས་མ་བསྒྲུབ་པ་བཀླགས་པས་རྨོངས་པ་མཁས་པའི་མངོན་པའི་ང་རྒྱལ་དང་ལྡན་པ་ཆུ་སྐྱར་གྱི་རྒྱུ་མ་འཛིན་པ། ཚོགས་ཁང་དང་གཙུག་ལག་ཁང་གི་རྫས་ལ་མངོན་པར་ཆགས་པ་དང་ལྡན་པ། ཡི་དྭགས་དང་དམྱལ་བའི་སྐྱེ་བར་སྐྱེ་བ་འབྱུང་བ། ངེས་པར་བཅིངས་པ། རང་གི་དོན་དང་གཞན་གྱི་དོན་ཉམས་པ། རྒྱུད་ལས་གསུངས་པའི་དོན་ལ་ཕྱིན་ཅི་ལོག་གི་དོན་སྟོན་པའོ། །ཡོངས་སུ་བརྟག་པ་མི་བྱེད་པའི་སྐྱེ་བོ་བདུད་ཀྱི་རིགས་ཆེན་པོ་རྣམས་ཀྱིས་བཟའ་བ་ནི་བཅོམ་ལྡན་འདས་ཀྱི་གསུངས་པ་རྣམས་སུ་མི་འགྱུར་རོ། །ཞེས་ལེགས་པར་བཀའ་སྩལ་ཏོ། །གཉིས་པ་ནི། འོ་ན་སྦྱང་རྟོགས་འབར་གསུམ་ནུས་པའི་རབ་ཏུ་བྱུང་བ་རྣམས་ཀྱི་ཚོགས་འཁོར་དངོས་སུ་བྱས་