R396: དཔལ་ལྡན་ས་སྐྱ་པའི་སྔགས་ཕྱོགས་ཀྱི་བསྟན་འཛིན་ངོར་རྫོང་རྣམ་གཉིས་ཀྱི་ཀྱཻ་རྡོ་རྗེ་མན་ངག་ལུགས་ཀྱི་ཕྱག་ལེན་གྱི་རིམ་པ་གཙོ་བོར་གྱུར་པའི་ཟབ་མོའི་གནད་འགའ་ཞིག་ལ་བཞེད་ཚུལ་མི་འདྲ་བའི་གྲུབ་མཐའི་རྣམ་གཞག་མདོ་ཙམ་བཤད་པ་ལུགས་གཉིས་གསལ་བའི་ཉིན་བྱེད།

  • Pagination (Witness A): ༦༤བ
[A:༦༤བ]ཡང་འདི་སྐད་དུ་བཤད་པའི་དཀྱིལ་འཁོར་བའི་ཆོས་ཀྱི་དོན་མི་ཤེས་པར་དམ་ཚིག་དང་སྡོམ་པ་ལ་སོགས་པ་ཐོས་པ་ཙམ་ལ་བརྟེན་ཏེ། དགེ་བ་ལ་ལྷོད་པ་འབའ་ཞིག་ཏུ་མ་ཟད་ཀྱི། སངས་རྒྱས་བཅོམ་ལྡན་འདས་ཀྱི་ཁོ་བོ་རྣལ་འབྱོར་པ་རྣམས་ལ་རྗེས་སུ་གནང་བ་ཡིན་ནོ་ཞེས་སྒྲ་སངས་མཐོན་པོར་སྒྲོགས་ཤིང་ཆགས་པ་ལ་སོགས་པའི་དབང་དུ་གྱུར་པའི་སེམས་ཀྱི་རྒྱུད་ཀྱིས་མི་དགེ་བ་རྣམས་ཀྱང་བྱེད་པ་དེ་རྣམས་ནི་སངས་རྒྱས་བཅོམ་ལྡན་འདས་ལ་སྐུར་པ་བཏབ་ཅིང་བསླུས་པས་ཤིན་ཏུ་དམ་ཚིག་ཉམས་པའི་ཕྱིར་མནར་མེད་པ་ཉིད་དུ་ལྟུང་བར་འགྱུར་རོ། །ཞེས་བཤད་པའི་ཕྱིར་རོ། །དེ་བས་ན་གནས་སྐབས་སུ་བྱ་བའི་ཁྱད་པར་འདི་ལ་བསྙད་བཏགས་ཏེ་བག་མེད་པར་སྤྱོད་པ་དག་ནི། ལྷག་སྤྱོད་ཀྱི་ཏིང་ངེ་འཛིན་བསྒོམ་པའི་རྣམ་པར་ཐར་པ་དང་ཀུན་ཏུ་མཚུངས་པའོ། །སྨྲས་པ། ཡང་དག་མགོན་གྱིས་མ་གཟིགས་པས། །རྣམ་དག་དམ་པའི་ཚུལ་དོར་ནས། །མ་དག་འཚོ་བ་དོན་གཉེར་བ། །མཐའ་དག་ཚོགས་ཀྱི་ལན་ཡོད་མིན། །མཇུག་གི ཆོས་ལྟར་བཅོས་ནས་ཆོས་མིན་བྱེད། ཞེས་སོགས་ཚིགས་སུ་བཅད་པ་གཅིག་ལ་རྒྱས་བཤད་མི་འདུག་ཀྱང་། དེའི་ལན་ནི། རྒྱལ་བ་ཉིད་ཀྱིས་ལེགས་པར་བཏབ་པ་ཡིན་ཏེ། འཕགས་པ་དགེ་བའི་རྩ་བ་ཡོངས་སུ་བཟུང་བ་ཞེས་བྱ་བའི་མདོ་ལས། ཁོ་བོ་ཅག་གི་རྗེ་ཐམས་ཅད་མཁྱེན་པ་འདི་ལུང་བསྟན་པའི་མཇུག་ཏུ། གང་དག་ཕྱི་དུས་དགེ་སློང་རྣམས་འབྱུང་བ། །རྩུབ་དང་གཏུམ་དང་ཤིན་ཏུ་རྩུབ་པ་ཡི། །དགེ་སློང་གཞན་གྱིས་འདི་ལ་རྩོད་པར་འགྱུར། །ཆོས་འདི་རྒྱལ་བས་གསུངས་པ་མ་ཡིན་ཞེས། །འཇིག་རྟེན་ཕྱིན་ཅི་ལོག་ལ་ཀུན་དགའ་བལྟོས། །ཞེས་དགེ་