R396: དཔལ་ལྡན་ས་སྐྱ་པའི་སྔགས་ཕྱོགས་ཀྱི་བསྟན་འཛིན་ངོར་རྫོང་རྣམ་གཉིས་ཀྱི་ཀྱཻ་རྡོ་རྗེ་མན་ངག་ལུགས་ཀྱི་ཕྱག་ལེན་གྱི་རིམ་པ་གཙོ་བོར་གྱུར་པའི་ཟབ་མོའི་གནད་འགའ་ཞིག་ལ་བཞེད་ཚུལ་མི་འདྲ་བའི་གྲུབ་མཐའི་རྣམ་གཞག་མདོ་ཙམ་བཤད་པ་ལུགས་གཉིས་གསལ་བའི་ཉིན་བྱེད།

  • Pagination (Witness A): ༧༠བ
[A:༧༠བ]བཅད་པ་སྟེ་དོན་ཚན་ལྔ་པའོ། །
རྒོལ་བ་དྲུག་པ་ནི། ཁ་ཅིག་ན་རེ། ལུས་དཀྱིལ་གྱི་ཕོ་བྲང་ལྔའི་ཨྃ་ལ་སོགས་པའི་ཡི་གེ་རྣམས་རིན་འབྱུང་ལ་སོགས་པའི་ས་བོན་དུབཞག་ནས་བསྐྱེད་པར་བྱེད་པ་མི་འཐད་དེ། དེ་ལྟར་ན་བཅོས་མའི་དཀྱིལ་འཁོར་དུ་ཐལ་བའི་ཕྱིར་དང་། ཧྃ་དང་ཧཱུྃ་ལྟ་བུ་ས་བོན་མགོ་ཐུར་དུ་བསྟན་དུ་མི་རུང་བའི་ཕྱིར་དང་། ཞེས་བཀག་ནས། ངག་འདོན་གྱི་ཚེ་ཨྃ་རིན་ཆེན་འབྱུང་ལྡན་ཞེས་སོགས་སྦྱར་ནས་གཞུང་གི་ཚིག་མཐའ་དག་མེད་པར་བྱེད་དོ། །འདི་མི་འཐད་དེ། རྗེ་བཙུན་རྩེ་མོས་ལུས་དཀྱིལ་ལུང་དང་སྦྱར་བའི་ལེའུ་གཉིས་པ་ནས་བྷྲུྃ་ལ་སོགས་པ་ནི་ཕོ་བྲང་ལྔའི་ལྷ་རྣམས་ཀྱི་ས་བོན་ཏེ་ཞེས་གསལ་བར་གསུངས་པ་དང་། གཞུང་བཤད་མཐོང་ངོ་ཅོག་གི་གྲངས་བགྲངས་ནས་དེ་རྣམས་ལས་འབྱུང་ཁུངས་ཀྱི་ཚིག་ཡོད་པར་བཤད་པ་ཁོ་ན་འབྱུང་བ་དང་། ཁྱད་པར་དུ་དཔེ་མཛོད་མ་དང་། སྒ་ཐེང་མ་གཉིས་སུ་རྩ་ནང་གི་ཁམས་ཡབ། ཕྱི་ཤུན་གྱི་རྩ་ལས་ཡུམ་བསྐྱེད་པར་བཤད་དོ། །ཞེས་ཟེར་རོ། །དེའི་ལན་ནི།
ལུས་དཀྱིལ་ལྷ་རྣམས་བསྐྱེད་པའི་གཞི། ཨྃ་ལས་ཞེས་སོགས་འབྱུང་ཁུངས་ཀྱི། །ཚིག་ཏུ་འདོད་ན་གཞན་དག་ལས། །སངས་རྒྱས་ལས་ཆོས་ཆོས་ལས་ནི། །འཕགས་པའི་ཚོགས་ཞེས་གང་གསུངས་པ། །འདི་འདྲའི་རིགས་ལ་འབྱུང་ཁུངས་ཀྱི། །ཚིག་ཅེས་མཁས་པ་རྣམས་ལ་གྲགས། །ཁྱེད་ཀྱང་དེ་ལྟར་འདོད་ན་ནི། །ཨྃ་ལས་བྱུང་ཞིང་ཨྃ་ཡིག་ལས། །ལོགས་སུ་གྱུར་པའི་རིན་འབྱུང་ཞིག །སྤྲུལ་འཁོར་དབུས་སུ་འདོད་དགོས་པར། །སྔ་མ་དེ་ཡི་རིགས་པས་གྲུབ། །དེ་འདྲ་ཁྱེད་ཅག་བཞེད་ལགས་སམ། །ཚིག་ཀྱང་བསྒྲིག་ལེགས་མི་ཤེས་ན། །དོན་བཟང་སྨོས་ཀྱང་ཅི་དགོས་པའི། །བླུན་པོ་རྣམས་ཀྱི་རང་དགའི་ཚིག །མཁས་རྣམས་བཞད་གད་བསྐྱེད་པ་ཡི། །འབྲེལ་མེད་སྣ་ཚོགས་བྲིས་པ་ལ། །བསྟན་བཅོས་ཡིན་ཞེས་བཤད་ཉན་བྱེད། །
ཅེས་སོགས་འདི་འདྲའི་རིགས་ལ་དགོངས།
།རྗེ་བཙུན་རྩེ་