[A:༧༠ན]འཐད་དེ། རྗེ་བཙུན་གྱིས་མཛད་པའི་ལམ་དུས་ཀྱི་དབང་ཡི་གེ་ལས་ཐུན་མོང་གི་དབང་དྲུག རྡོ་རྗེ་སློབ་དཔོན་གྱི་དབང་དང་བདུན་ཀའི་བདག་དང་དབང་རྫས་ཡོངས་སུ་དག་པ་བཞིས་བྱིན་གྱིས་རློབས་དགོས་ཏེ། དེ་ཡང་རྒྱུ་དུས་དང་མི་འདྲ་བ་ནི་དམ་ཚིག་པ་ཕོ་བྲང་ལྔའི་གཙོ་བོར་འཕོ། གཞན་རྣམས་རྒྱུ་དུས་དང་འདྲའོ་ཞེས་གསུངས་པ་དང་དངོས་སུ་འགལ་ལོ་ཞེས་སྨྲའོ། །དེའི་ལན་ནི།
བརྟུལ་ཞུགས་སློབ་དཔོན་དབང་བསྐུར་གྱི། །དབང་རྫས་ཡོངས་དག་བསྡུས་པ་ཡིས། །ནམ་ཡང་བསྐྱེད་དུ་མི་རུང་བའི། །གོང་མའི་ལུང་ཁུངས་ཅི་ཞིག་ཡོད། །ཁྱེད་དག་ཡོངས་དག་ཅི་ལྟར་བྱེད། །རྗེ་བཙུན་གོང་མས་མ་བཤད་ཀྱང་། །ཆོ་ག་གསུམ་བསྐྱེད་སོགས་སྦྱོར་ན། །མངོན་བྱང་ལྔ་ལས་བསྐྱེད་རུང་ཞེས། །བཤད་ན་ཁྱེད་ཅག་ཅི་ཞིག་སྨྲ། །ཁྱེད་ཀྱིས་ཚད་མར་ཁས་བླངས་པའི། །རྡོ་རྗེ་དྲིལ་བུའི་དེ་ཉིད་ལས། །བཤད་པའི་ལྷ་ཡི་བསྐྱེད་ཚུལ་དང་། །དབང་ཆུ་ནས་བཤད་ལྷ་དེ་དག །ཤར་ནུབ་རི་བཞིན་རིང་དུ་གྱུར། །དེ་གཉིས་འགལ་སྤོང་ཅི་ལྟར་བྱེད། །ཁྱེད་ཀྱི་བླ་མས་མཛད་པ་ཡི། །དཀྱིལ་ཆོག་དཔག་བསམ་ལྗོན་ཤིང་ལས། །བཤད་པའི་རྡོར་དྲིལ་བསྐྱེད་ཆོག་དང་། །རྗེ་བཙུན་རྩེ་མོའི་དབང་ཆུ་གཉིས། །སྣང་མུན་བཞིན་དུ་འགལ་བར་འགྱུར། །བཀའ་སྲོལ་གཉིས་ལ་དེ་མི་རུང་། །གལ་ཏེ་དེ་ལྟར་བྱར་རུང་བར། །བཤད་པའི་གོང་མའི་ལུང་ཡོད་ན། །ཁོ་བོ་ཁྱེད་ཀྱི་རྗེས་སུ་འབྲང་། །དེ་ཕྱིར་སྟོན་པའི་དུས་ལ་བབས། །ཚུལ་འདི་བསྒྲུབ་པ་བཞི་ལྡན་གྱི། །ལན་དུ་ལུང་རིགས་དང་བཅས་འཆད། །ཐོས་ཉུང་ཐོས་དོན་མི་ཤེས་པར། །ཁུངས་མིན་ཁུངས་སུ་རེ་བ་ཡི། །བློ་ཆུང་བློ་ངན་ནོར་འཆང་བ། །ཁྱོད་མིན་ཁྱོད་འདྲ་ཤིན་ཏུ་མང་། །ཞེས་བྱ་བ་ནི་བར་སྐབས་ཀྱི་ཚིགས་སུ་