[A:༧༦བ]ཡི་གཟུགས་བརྙན་བྱས་ནས་ནི། །ཇི་སྐད་གསུངས་བའི་ལས་རྣམས་བྱ། །ཞེས་རྗེས་འཛིན་ལ་ཡོད་པའི་སློབ་མ་སྟ་གོན་དུས་ཤི་ན་གཟུགས་བརྙན་གྱི་བྱང་བུ་ལ་སྟ་གོན་བྱ་བ་དང་། སློབ་མ་ཡོངས་སུ་བཟུང་བ་གང་། །གལ་ཏེ་རྐྱེན་འགའ་ཞིག་གིས་ནི། །དེར་ནི་འོང་པར་མ་གྱུར་ན། །གཞན་ཞིག་དེ་ཡི་སྐྱིན་པོར་གཞུག །ཅེས་ཕྱོགས་གཞན་དུ་སོང་ནས་མ་སླེབ་པ་ལྟ་བུ་ལ་དེའི་ཚབ་གཞན་ཞིག་ལ་སྟ་གོན་བྱེད་པར་བཤད་ཅིང་། དེ་གཉིས་ལ་རྗེས་འཛིན་དགོས་པར་མ་བཤད་པའི་ཕྱིར། དེས་ན་གསང་བ་སྤྱི་རྒྱུད་ཀྱི་ལུང་གི་དངོས་བསྟན་གྱི་དགོངས་པ་ཉེར་ལྔ་ལས་མི་མང་བ་ལ་རྗེས་འཛིན་བྱེད་པ་ནི། དབང་ཚར་གཅིག་བསྐུར་བ་ལྟ་བུ་ལ་དགོངས་པ་ཡིན་ནོ། །རིག་པའི་གནད་དང་མི་ལྡན་པར། །མང་པོའི་ལུང་གི་ཆལ་ཆོལ་གྱིས། །སྲིན་བུའི་ཁ་ཆུ་ཇི་བཞིན་དུ། །རང་ཉིད་དམ་དུ་མ་བཅིངས་སམ།། ༈ །།སྨྲ་བ་གསུམ་པ། ནུབ་དང་པོ་ལ་ས་ལྷ། བུམ་པ་སྟ་གོན་བྱས་པའི་ནུབ་དེ་ཁོ་ན་ལ་སློབ་མ་སྟ་གོན་བྱེད་ཀྱི། ནུབ་ཕྱི་མ་ཕན་ཆོད་ཀྱི་རྡུལ་ཚོན་གྱི་དཀྱིལ་འཁོར་དང་འབྲེལ་བར་སློབ་མ་སྟ་གོན་བྱར་མི་རུང་སྟེ། དེའི་དུས་ཀྱི་སློབ་མ་སྟ་གོན་དང་། སྟ་གོན་སྔ་མ་གསུམ་ལ་འབྲེལ་མེད་པའི་ཕྱིར་ཟེར་རོ། །དེ་ལྟར་ན་ནུབ་ཕྱི་མ་རྣམས་ལ་དངོས་གཞིའི་བསྒྲུབ་མཆོད་ཀྱང་བྱེད་མི་རུང་བར་འགྱུར་ཏེ། དེ་དུས་ཀྱི་དངོས་གཞིའི་བསྒྲུབ་མཆོད་ལ་སྟ་གོན་སྔ་མ་གསུམ་དགོས་པ་གང་ཞིག དེ་མེད་པར་མ་ཟད་དེ་དང་འབྲེལ་ཙམ་ཡང་མེད་པའི་ཕྱིར། གཞན་ཡང་དཀྱིལ་འཁོར་གཅིག་ཏུ་དབང་ལན་གཅིག་ལས་བསྐུར་དུ་མི་རུང་ན་རས་བྲིས་ཀྱི་དཀྱིལ་འཁོར་ལའང་མཚུངས་པའི་ཕྱིར་དང་། མི་མཚུངས་ཏེ་རྡུལ་ཚོན་