R396: དཔལ་ལྡན་ས་སྐྱ་པའི་སྔགས་ཕྱོགས་ཀྱི་བསྟན་འཛིན་ངོར་རྫོང་རྣམ་གཉིས་ཀྱི་ཀྱཻ་རྡོ་རྗེ་མན་ངག་ལུགས་ཀྱི་ཕྱག་ལེན་གྱི་རིམ་པ་གཙོ་བོར་གྱུར་པའི་ཟབ་མོའི་གནད་འགའ་ཞིག་ལ་བཞེད་ཚུལ་མི་འདྲ་བའི་གྲུབ་མཐའི་རྣམ་གཞག་མདོ་ཙམ་བཤད་པ་ལུགས་གཉིས་གསལ་བའི་ཉིན་བྱེད།

  • Pagination (Witness A): ༧༧ན
[A:༧༧ན]གྱི་ཁྱད་ཆོས་ཡིན་ནོ་སྙམ་ན། དེ་གཉིས་ལ་དེ་འདྲའི་ཁྱད་པར་སུས་ཀྱང་མ་བཤད་པའི་ཕྱིར་དང་། རྗེ་བཙུན་རིན་པོ་ཆེས་གཞན་ཕན་བདུད་རྩིར། ནུབ་དྲུག་གི་བར་དུ་རྡུལ་ཚོན་གྱི་དཀྱིལ་འཁོར་དུ་སྦྲེལ་ནས་དབང་བསྐུར་བ་བཤད་པ་སོགས་གནོད་བྱེད་མཐའ་ཡས་སོ། །དེས་ན་རྡུལ་ཚོན་གྱི་དཀྱིལ་འཁོར་གཅིག་ཏུ་དབང་ཚར་མང་དུ་བསྐུར་བ་ས་སྐྱ་པའི་ལུགས་མིན། བུ་སྟོན་པའི་སློབ་བརྒྱུད་དག་གི་སྲོལ་ཡིན་ཟེར་བ། རྗེ་བཙུན་ཆེན་པོ་ངོར་པ་དང་བཞེད་པ་གཅིག་པ་འདུག་པས་ས་སྐྱ་པའི་ཁྱུ་ནས་འབུད་ཀྱང་། བུ་སྟོན་པའི་སློབ་བརྒྱུད་དུ་འོང་དོན་མེད་པས་ཐུགས་དྲན་བརྟེན་པ་ཞུ། ངོར་པ་འགོག་པའི་ཟོལ་སྦྱོར་གྱིས། །དཀྱིལ་འཁོར་ཆེན་པོའི་དབང་ཕྲི་ཞིང་། །ས་སྐྱའི་རྗེ་བཙུན་ཆེན་པོ་དེ། །རྒྱང་རིང་དོར་ལ་དགོས་པ་ཅི།། ༈ །།སྨྲ་བ་བཞི་པོ། སློབ་དཔོན་གྱི་དབང་ལ་གྲངས་ངེས་མེད་པའི་བསྒྲུབ་བྱེད། དུས་གཅིག་ལ་ཉེར་ལྔ་ལ་བསྐུར་བའི་ཕྱིར་ཟེར་བར་སྣང་བ་ན། དེ་ལྟར་ན་སློབ་དཔོན་གྱི་དབང་ལ་གྲངས་ངེས་ཡོད་ལ། དུས་གཅིག་ལ་ཉེར་ལྔ་ལས་མང་བ་ལ་མི་བསྐུར་བའི་ཕྱིར། ཁྱབ་པ་ཚད་གྲུབ་རྟགས་གསལ་དང་པོ། འཁྲུལ་འཁོར་གསུམ། སློབ་དཔོན་གྱི་དབང་ལ་དབང་སྟེགས་ཀྱི་སྟེང་དུ་གཅིག་བསྒྲེངས་སུ་བཞག་ནས་བསྐུར་དགོས་སྙམ་ན། ངོར་པ་ཡང་དབང་སྟེགས་གཅིག་གི་སྟེང་དུ་སློབ་མ་གཉིས་གསུམ་ལ་སོགས་པ་དུས་གཅིག་ཏུ་འཇོག་པར་མི་བཞེད་ཅིང་། དཀྱུས་མ་ལ་ལག་ལེན་བདེ་བའི་དབང་དུ་བྱས་ནས་སོ་སོར་ཏིང་ངེ་འཛིན་གྱི་དབང་སྟེགས་བསྐྱེད་པ་ལ་བཞག་ནས་སློབ་དཔོན་གྱི་དབང་བསྐུར་བར་མཛད་ལ། རྒྱས་པར་ན་སྤྱི་རྒྱུད་