R396: དཔལ་ལྡན་ས་སྐྱ་པའི་སྔགས་ཕྱོགས་ཀྱི་བསྟན་འཛིན་ངོར་རྫོང་རྣམ་གཉིས་ཀྱི་ཀྱཻ་རྡོ་རྗེ་མན་ངག་ལུགས་ཀྱི་ཕྱག་ལེན་གྱི་རིམ་པ་གཙོ་བོར་གྱུར་པའི་ཟབ་མོའི་གནད་འགའ་ཞིག་ལ་བཞེད་ཚུལ་མི་འདྲ་བའི་གྲུབ་མཐའི་རྣམ་གཞག་མདོ་ཙམ་བཤད་པ་ལུགས་གཉིས་གསལ་བའི་ཉིན་བྱེད།

  • Pagination (Witness A): ༧༨བ
[A:༧༨བ]ཀྱི་དབང་དང་། རྡོ་རྗེ་སློབ་དཔོན་གྱི་དབང་རྫས་ལ་ཡན་ལག་བཞི་རྫོགས་ཀྱི་བསྐྱེད་ཆོག་དགོས་པའི་བསྒྲུ་བྱེད་དུ། རྗེ་བཙུན་གྱི་ལམ་དུས་ཀྱི་དབང་ཆོག་ཏུ། དེ་ལ་ཐུན་མོང་གི་དབང་དྲུག རྡོ་རྗེ་སློབ་དཔོན་གྱི་དབང་དང་བདུན་ཀའི་བདག་དང་དབང་རྫས་གཉིས་ཀ་ཡོངས་སུ་དག་པ་བཞིས་བྱིན་གྱིས་བརླབས་དགོས་ཏེ། དེའང་དམ་ཚིག་པ་ནི་རྒྱུ་དུས་ཀྱི་དབང་དང་མི་འདྲ་སྟེ། ཕོ་བྲང་ལྔའི་གཙོ་བོར་འཕོ། རྡོ་རྗེ་འཆང་ཡང་ཞལ་གཅིག་ཕྱག་གཉིས་པར་འཕོ་ལ་ལྷག་མ་རྣམས་ནི་རྒྱུ་དུས་ཀྱི་དབང་དང་ཁྱད་པར་མེད་དེ་ཞེས་པའི་ལུང་འདྲེན་པར་བྱེད་དོ། །འོ་ན་བརྟུལ་ཞུགས་དང་སློབ་དཔོན་གྱི་དབང་རྫས་ལ་ཡན་ལག་བཞི་རྫོགས་ཀྱི་བསྐྱེད་ཆོག་དགོས་པར་ཐལ། རྗེ་བཙུན་གྱི་དགོས་པར་གསུངས་པའི་ཕྱིར། འདོད་ན་མི་དགོས་པར་ཐལ། རྗེ་བཙུན་གྱི་མི་དགོས་པར་གསུངས་པའི་ཕྱིར་ཏེ། གོང་དུ་དྲངས་མ་ཐག་པའི་ལུང་དེ་ཉིད་ལས། འདི་སྐབས་ཀྱི་ལམ་དུས་ཀྱི་དབང་དང་རྒྱུ་དུས་ཀྱི་དབང་ལ་ལྷ་དམ་ཚིག་པ་བསྐྱེད་པའི་རྒྱས་བསྡུས་ཙམ་མ་གཏོགས་གཞན་ཁྱད་པར་མེད་པར་གསལ་བར་གསུངས་པའི་ཕྱིར་དང་། རྒྱུ་དུས་ཀྱི་དབང་ལ་དེ་ལྟར་མི་དགོས་པར་རྗེ་བཙུན་རྩེ་མོའི་དབང་ཆུ་དང་། འཕགས་པ་རིན་པོ་ཆེའི་བདག་འཇུག་གཉིས་ལས་གསལ་བར་བཤད་ཅིང་། དེར་མ་ཟད་གོང་མའི་ཡི་གེ ཆོས་རྗེ་བླ་མ། ཐེག་ཆེན་ཆོས་རྗེ་སོགས་སུས་ཀྱང་ཁྱེད་འདོད་པ་ལྟར་གྱི་བསྐྱེད་ཆོག་ཡེ་མ་གསུངས་སོ། །དེས་ན་རྗེ་བཙུན་གྱིས། བདུན་ཀའི་བདག་དང་དབང་རྫས་ལ་ཡན་ལག་བཞི་རྫོགས་ཀྱི་བསྐྱེད་ཆོག་དགོས་པར་གསུངས་པ་ལ་གཙོ་ཆེ་བ་ལ་དགོངས་ནས་གསུངས་པ་ཡིན་གྱི། རེ་རེ་ནས་ཁྱབ་མཐའ་འཛིན་པ་ནི