[A:༧༩ན]་མ་ཡིན་ནོ། །དེ་ལྟར་མ་ཡིན་ན། མིང་དབང་ལའང་ངེས་པར་དབང་རྫས་དགོས་པ་དང་། དིང་སང་ལག་ལེན་ལ་རྡོ་རྗེ་དྲིལ་བུ་སྤྱི་བོར་བཟུང་ནས་ མིང་དབང་བསྐུར་དུས་ཀྱང་དབང་རྫས་དེ་ལ་བསྐྱེད་ཆོག་སུས་ཀྱང་མི་བྱེད་པ་སོགས་ལ་ཐུགས་ཞིབ་གནང་བ་ཞུ། འདབ་བཟང་དབང་པོ་ཡུད་ཀྱིས་བགྲོད་པ་ལ། །རྩིང་པོར་བསམ་ནས་བྱི་བས་ལོ་བརྒྱར་ནི། །ཞིབ་མོར་ཕྱིན་ཡང་རང་ཉིད་ངལ་བ་ལས། །གཞན་དུ་ལྷག་པའི་ཁྱད་ཆོས་ག་ལ་ཐོབ།། ༈ །།སྨྲ་བ་བདུན་པ། ལུས་དཀྱིལ་གྱི་ལྷ་ལ་རྒྱས་གདབ་རིགས་མཚོན་མེད་པའི་བསྒྲུབ་བྱེད་དུ་རྡོ་རྗེ་སེམས་དཔས་རྒྱས་བཏབ་ཞེས་ཟེར་བ་དང་། ཕོ་བྲང་ལྔའི་གཙོ་བོ་ལྔ་ལ་སྲས་དོན་མར་རྣམ་སྣང་ལ་སོགས་པ་རིགས་ལྔ་སོ་སོས་རྒྱས་གདབ་པ་དང་། འཕགས་པ་རིན་པོ་ཆེས་གཙོ་བོ་ལྔ་ལ་རྡོ་རྗེ་སེམས་དཔས་རྒྱས་འདེབས་པར་གསུངས་པ་ལ་དེ་གཉིས་དགོངས་པ་གཅིག་པའི་སྒྲུབ་བྱེད་དུ། དེ་སྐབས་ཀྱི་རིགས་ལྔ་དང་རྡོ་རྗེ་སེམས་དཔའ་ཁྱད་པར་མེད་པར་བྱས་ནས། རྒྱས་བཏབ་དེ་རང་རིགས་ཀྱི་རྒྱས་གདབ་གང་ཡིན་ལ། རྡོ་རྗེ་སེམས་དཔའི་རྒྱས་བཏབ་ཡང་ཡིན་པར་འདོད་དོ། །དེ་ལྟར་ན་ལུས་དཀྱིལ་གྱི་ལྷ་རྣམས་ལ་རྡོ་རྗེ་སེམས་དཔས་རྒྱས་བཏབ་པ་རིགས་མཚོན་མེད་པ་མ་ཡིན་པར་ཐལ། རིགས་མཚོན་ཡོད་པའི་ཕྱིར། དེར་ཐལ། རང་རིགས་ཀྱི་རྒྱས་བཏབ་ཡོད་པའི་ཕྱིར། དེར་ཐལ་རྡོ་རྗེ་སེམས་དཔའི་རྒྱས་བཏབ་ཡིན་པའི་ཕྱིར། འཁྲུལ་འཁོར་གསུམ། སམྦུ་ཊིའི་ལུང་གིས་མ་བསྟན་པའི་སྒྲུབ་བྱེད་གནད་ཀྱི་གསལ་བྱེད་ལས་མ་བཤད་དོ། །ཞེས་པའང་མི་འཐད་དེ། དེར་རྒྱུད་འཆད་པའི་དབང་དུ་བྱས་པའི་