[A:༧༨ན]ལས་དེའི་ཡུམ་ས་རྣམ་པར་དག་པ་སྤྱན་མ་ཞེས་གསུངས་པ་སྒྲུབ་བྱེད་དོ། །དེ་ལྟར་ན་ལུས་དཀྱིལ་གྱི་ལྷ་རྣམས་ས་བོན་ལས་བསྐྱེད་ལ། སྲས་དོན་མ་སོགས་ལས་བསྐྱེད་པར་གསུངས་པའི་ཕྱིར། འདོད་ན་མི་བསྐྱེད་པར་ཐལ། སྒ་ཐེང་མ་དང་། དཔེ་མཛོད་མ་གཉིས་ལས་མི་བསྐྱེད་པར་བཤད་པའི་ཕྱིར། མ་གྲུབ་ན་དེར་ཐལ། ལྟེ་བའི་རྩ་ལམ་ཡི་གེ་རྣམ་པ་ཅན་དང་། དེའི་ནང་གི་ཁམས་གཉིས། བསྐྱེད་རིམ་གྱི་སྐབས་ཀྱི་ལྷའི་བསྐྱེད་ཆོག་གི་ས་བོན་ཡིན་པར་རྒྱ་བོད་སུ་ཡང་མི་འཐད་པའི་ཕྱིར། དེས་ན་སློབ་དཔོན་རིན་པོ་ཆེས་ལུང་སྦྱར་དུ་གསུངས་པ་ཡང་། ཕོ་བྲང་ལྔའི་གཙོ་བོའི་ས་བོན་ཙམ་བསྟན་པ་ཡིན་གྱི། ཁྱེད་འདོད་པ་ལྟར་ཡིན་ན་དེ་དག་བརྟག་གཉིས་ནས་བཤད་པའི་ཡིག་འབྲུ་ལྔ་པོ་དེ་ལས་སྐབས་འདིར་བསྐྱེད་དགོས་པ་ལ་དེ་འདྲ་སུས་ཀྱང་མ་བཤད་པའི་ཕྱིར་རོ། །དེས་ན་གནས་དེ་དག་གི་རྩ་ཡི་གེ་ཧཱུྃ་ལ་སོགས་པའི་རྣམ་པར་གནས་པ་རྣམས་ལྷ་དེ་དང་དེར་བསྐྱེད་པ་ལས་དེ་བསྐྱེད་ཅེས་བརྗོད་པ་ལ་དགོངས་ནས་ཨྃ་ལས་ཧཱུྃ་ལས་སོགས་གསུངས། ངོ་བོ་རྩ་ཡི་གེའི་རྣམ་པར་གནས་པ་དེ་ཉིད་ཀ་ལྷར་བསྐྱེད་རྒྱུ་ཡིན་པས་ལས་དང་པོ་པ་རྣམས་ཀྱིས་གོ་བདེ་བ་དང་། བླུན་པོ་རྣམས་ལ་འདི་ལྟ་བུའི་ལོག་རྟོག་སྐྱེ་བ་དགག་པའི་ཕྱིར། ཨྃ་རིན་ཆེན་འབྱུང་ལྡན་སོགས་གསལ་བར་གསུངས། དོན་ལ་ཁྱད་པར་མེད་པ་ནི་གནད་ཀྱི་བཤད་པ་ཡིན་ནོ། །རང་བཞིན་ལྷུན་གྲུབ་བསྐྱེད་གཞི་ནི། །བོར་ནས་བཅོས་མའི་བསྐྱེད་ཆོག་གིས། །བསྒྲུབ་ལས་གོང་མའི་གསུང་རབ་ལ། །ནང་འགལ་ཡོད་པར་གྲུབ་འདི་མཚར།། ༈ །།སྨྲ་བ་དྲུག་པ། ལམ་དུས་ཀྱི་བརྟུལ་ཞུགས་