[A:༧༩བ]བཤད་པ་ཡིན་ལ། འདིར་མན་ངག་གི་ལུང་སྦྱར་དུ་འདྲེན་པ་ལ་དེ་ཇི་ལྟ་བ་དགོས་པའི་ངེས་པ་མེད་པའི་ཕྱིར་དང་། ཕྱག་རྒྱ་བཞི་པའི་ལུང་གི་ཕོ་བྲང་དྲུག་པ་ཁོ་ན་སྟོན་རྒྱུ་ཡིན་ན་བསྟན་བཅོས་དེར་ཕོ་བྲང་ལྔའི་ལྷ་བརྒྱ་ལྔ་བཅུ་རྩ་བདུན་བསྟན་པའི་རྗེས་སུ། ཀུན་གྱི་དབང་བསྐུར་གནས་སུ་ནི། །རྡོ་རྗེ་སེམས་དཔའ་ཟླ་བའི་མདོག །ཅེས་གསུངས་པས་ལྷ་དེ་ཐམས་ཅད་ཀྱི་དབང་བསྐུར་བའི་གནས་སྤྱི་བོར་རྡོ་རྗེ་སེམས་དཔའ་རེ་རེ་འགོད་པར་བཤད་ལ། དེ་ལྟར་མིན་ན་ཀུན་གྱི་ཞེས་པའི་མང་ཚིག་གི་འབྲུ་ཇི་ལྟར་གནོན་སོམས་ཤིག དེས་ན་སྲས་དོན་མར་ལྷ་ཐམས་ཅད་ལ་རྡོ་རྗེ་རྩེ་ལྔ་པས་རྒྱས་འདེབས་པར་གསུངས་པའང་འདི་དང་ཤིན་ཏུ་གནད་མཐུན་པ་ཡིན་ནོ། །རང་གི་གྲུབ་མཐའི་གཙོ་བོ་ལ། སུན་འབྱིན་བྱེད་པའི་ལུང་རིགས་མཚོན། ཐོགས་ནས་དེ་ཉིད་བསྒྲུབ་པར་རློམ། །འདི་འདྲའི་རིགས་པ་སྔར་མ་བྱུང་།། ༈ །།སྨྲ་བ་བརྒྱད་པ། ངོར་ལུགས་ལ་བཟའ་བའི་དམ་ཚིག་མེད་དོ་ཞེས་རྩ་བར་དམ་བཅས་པ་དང་། འགྲེལ་པར་བདུད་རྩི་རིལ་བུ་ལ་བརྟེན་པ་ཁྱད་པར་གྱི་བཟའ་བའི་དམ་ཚིག་ཏུ་མི་རིགས་ཏེ། རྒྱུན་གྱི་བཟའ་བའི་དམ་ཚིག་ཡིན་ཞེས་དང་། དཔའ་བོའི་སྟོན་མོ་ཚོགས་ཀྱི་འཁོར་ལོ་ཡིན་ཏེ། ཁྱད་པར་གྱི་བཟའ་བའི་དམ་ཚིག་ཚོགས་ཀྱི་འཁོར་ལོ་ཡིན་པའི་ཕྱིར། དེ་ལྟར་ན་ཡང་མངོན་རྟོགས་ལྗོན་ཤིང་ལས། ཁྱད་པར་གྱི་བཟའ་བའི་དམ་ཚིག་ནི་ཚོགས་ཀྱི་འཁོར་ལོ་སྟེ། དེ་ལ་གཉིས་ལས། མིང་དོན་དང་། ཆོ་གའོ། །དང་པོ་ལ་ལྔ། གང་ཟག་གི་དབྱེ་བ་དང་། རྣལ་འབྱོར་གྱི་དབྱེ་བ་དང་། དུས་ཀྱི་དབྱེ་བ་དང་། དགོས་པའི་དབྱེ་བ་དང་། མཆོད་བྱའི་དབྱེ་བའོ། །དང་པོ་ལ་