R396: དཔལ་ལྡན་ས་སྐྱ་པའི་སྔགས་ཕྱོགས་ཀྱི་བསྟན་འཛིན་ངོར་རྫོང་རྣམ་གཉིས་ཀྱི་ཀྱཻ་རྡོ་རྗེ་མན་ངག་ལུགས་ཀྱི་ཕྱག་ལེན་གྱི་རིམ་པ་གཙོ་བོར་གྱུར་པའི་ཟབ་མོའི་གནད་འགའ་ཞིག་ལ་བཞེད་ཚུལ་མི་འདྲ་བའི་གྲུབ་མཐའི་རྣམ་གཞག་མདོ་ཙམ་བཤད་པ་ལུགས་གཉིས་གསལ་བའི་ཉིན་བྱེད།

  • Pagination (Witness A): ༨༢ན
[A:༨༢ན]གསུངས་པའི་དོན། །དེ་ལ་རྗེས་འཛིན་དབང་བསྐུར་གཉིས། །ལོགས་སུ་བྱེད་དམ་མེད་ན་ནི། །སྟ་གོན་གྲངས་ངེས་རྗེས་འཛིན་ལས། །ལྟོས་པར་འདོད་པས་ཁྱེད་ལ་འགལ། །ཁོ་བོ་དམིགས་གསལ་སྟོན་པར་འདོད། །རིགས་པ་རྡོ་རྗེ་སློབ་དཔོན་དབང་། །རེ་རེར་བསྐུར་ཡང་མཎྜལ་སོགས། །ཐུན་མོང་བྱེད་བཞིན་རྗེས་འཛིན་དང་། །དབང་བསྐུར་ལ་ཡང་ཐུན་མོང་དང་། །གྲངས་ངེས་དགོས་པར་མཚུངས་པར་འདོད། །རྗེས་འཛིན་སྟ་གོན་དངོས་གཞི་ཡི། །གྲངས་ངེས་མཐའ་ཅིག་དགོས་ན་ནི། །སློབ་དཔོན་དབང་གི་གཙོ་བོའི་ཕྱིར། །རྗེས་འཛིན་སྟ་གོན་རེ་རེར་འགྱུར། །སྲོད་ལ་རྗེས་འཛིན་སྟ་གོན་གཉིས། །གསུངས་ཀྱང་དེ་གཉིས་མི་མཚུངས་ཏེ། །སྟ་གོན་དུས་དེར་མ་ཚར་དོགས། །རྗེས་འཛིན་དེ་བཞིན་མི་དགོས་སོ། །མདོར་ན་ཊཱིཀྐ་སྤྱི་རྒྱུད་དོན། །གྲངས་ངེས་ཡོད་དང་རྣམ་སྣང་ལས། །གྲངས་ངེས་མེད་པ་གཉིས་ཀ་ལས། །རྗེས་འཛིན་སྐབས་སུ་གསུངས་པའི་ཕྱིར། །འགལ་མེད་འཆད་པ་འདི་ལྟར་ཡིན། །རྗེས་འཛིན་རྣམ་སྣང་ལྟར་བྱས་ཀྱང་། །སྤྱི་རྒྱུད་ལྟར་དུ་དབང་བསྐུར་ལ། །ཉེར་ལྔའི་གྲངས་ངེས་བྱེད་ཅེས་ཟེར། །དེ་དག་ལན་ནི་རིམ་པ་བཞིན། །ལུང་དང་འགལ་ཞིང་རིག་པ་མཚུངས། །ཁས་བླངས་འགལ་ཞིང་རང་ལུགས་ཀྱི། །མཁས་པའི་གསུང་དང་འགལ་བ་སྟེ། །དབང་ཆུར་རྗེས་འཛིན་གྲངས་ཀྱི་སྐབས། །སྤྱི་རྒྱུད་དྲངས་ཤིང་སྡོམ་གསུམ་ལས། །སྤྱོད་པའི་རྒྱུད་ཀྱི་དབང་བསྐུར་ལ། །སློབ་མ་གྲངས་ངེས་མེད་པར་གསུངས། །ལྷག་མ་དམིགས་གསལ་མཛད་པ་ཡི། །སློབ་མ་ལ་ནི་གྲངས་ངེས་ཡོད། །དེ་སྐད་གསུངས་པའི་