R396: དཔལ་ལྡན་ས་སྐྱ་པའི་སྔགས་ཕྱོགས་ཀྱི་བསྟན་འཛིན་ངོར་རྫོང་རྣམ་གཉིས་ཀྱི་ཀྱཻ་རྡོ་རྗེ་མན་ངག་ལུགས་ཀྱི་ཕྱག་ལེན་གྱི་རིམ་པ་གཙོ་བོར་གྱུར་པའི་ཟབ་མོའི་གནད་འགའ་ཞིག་ལ་བཞེད་ཚུལ་མི་འདྲ་བའི་གྲུབ་མཐའི་རྣམ་གཞག་མདོ་ཙམ་བཤད་པ་ལུགས་གཉིས་གསལ་བའི་ཉིན་བྱེད།

  • Pagination (Witness A): ༨༡བ
[A:༨༡བ]མཁས་རྣམས་བཞེད། །གཞན་ཡང་སྤྲོས་པ་འདི་སྐད་ལོ། །དབང་བསྐུར་བྱེད་པའི་སྔོན་རོལ་དུ། །སེམས་བསྐྱེད་འདོད་དམ་མི་འདོད་དྲིས། །འདོད་ནའང་ཁྱེད་ལ་དེ་མེད་དེ། །ལུགས་གཉིས་བརྒྱུད་པ་གཉིས་སོགས་ཀྱི། །ཆོ་ག་ཁྱེད་ལ་སྐབས་དེར་མེད། །མི་འདོད་སེམས་བསྐྱེད་མ་བྱས་པར། །སྔགས་ལ་འཇུག་པ་བཀག་ཅེས་ཟེར། །ལམ་འབྲས་འཆད་ལས་གཞན་པའི་དུས། །སྔོན་དུ་དེ་འདྲའི་སེམས་བསྐྱེད་ཀྱི། །ཆོ་ག་མེད་པར་དབང་བསྐུར་བ། །ཁྱེད་རང་འདོད་པ་དྲན་པར་གྱིས། །སྟ་གོན་འཇུག་པའི་གནས་སྐབས་སུ། །སེམས་བསྐྱེད་གསུངས་ཕྱིར་དགོས་འདི་མེད། །གསུམ་ལ་སྐྱབས་འགྲོ་ལ་སོགས་པའི། །འཁྲུལ་སྤོང་ཉིད་ལས་ཇི་སྐད་དུ། །སྨོན་འཇུག་སེམས་བསྐྱེད་བླང་བར་བྱ། །དེ་ནི་གུད་དུ་བླངས་ཀྱང་རུང་། །མ་བླངས་ཀྱང་ནི་སྟ་གོན་གྱི། །སྐབས་སུ་འབྱུང་ཞེས་གསུངས་པ་འདི། །དོགས་གནས་ཀུན་གྲོལ་དངོས་ལན་ནོ། །རྗེས་འཛིན་གྲངས་ངེས་མེད་པ་དང་། །ཞེས་པར་སུན་འབྱིན་འདི་སྐད་ལོ། །ལུང་རིགས་གཉིས་ལས་དང་པོ་ནི། །རྣམ་སྣང་མངོན་པར་བྱང་བ་ལས། །གཅིག་གཉིས་བཞི་ལས་ལྷག་ཀྱང་རུང་། །དཔྱད་མི་དགོས་པར་བཟུང་བར་བྱ། །ཞེས་དང་། འཕགས་པས་རྩ་རྒྱུད་ཀྱི། །ཊཱིཀྐར་རྣམ་སྣང་མངོན་བྱང་ལུང་། །སློབ་དཔོན་སྙིང་རྗེ་ཆེན་པོ་ཡིས། །ཚད་མེད་བཟུང་བར་བྱ་བའི་བར། །རྗེས་འཛིན་སྐབས་སུ་དྲངས་པ་དང་། །དབང་ཆུར་སྤྱི་རྒྱུད་དྲངས་པའི་དོན། །དབང་བསྐུར་སྐབས་ལ་དགོངས་པ་ཡིན། །གཞན་ཡང་གསང་བ་སྤྱི་རྒྱུད་ལས། །རྗེས་འཛིན་ཡོད་པ་སྟ་གོན་སྐབས། །མེད་ན་གཟུགས་བརྙན་བྲི་བའམ། །སྐྱིན་པ་གཞུག་པར་