R396: དཔལ་ལྡན་ས་སྐྱ་པའི་སྔགས་ཕྱོགས་ཀྱི་བསྟན་འཛིན་ངོར་རྫོང་རྣམ་གཉིས་ཀྱི་ཀྱཻ་རྡོ་རྗེ་མན་ངག་ལུགས་ཀྱི་ཕྱག་ལེན་གྱི་རིམ་པ་གཙོ་བོར་གྱུར་པའི་ཟབ་མོའི་གནད་འགའ་ཞིག་ལ་བཞེད་ཚུལ་མི་འདྲ་བའི་གྲུབ་མཐའི་རྣམ་གཞག་མདོ་ཙམ་བཤད་པ་ལུགས་གཉིས་གསལ་བའི་ཉིན་བྱེད།

  • Pagination (Witness A): ༩༠ན
[A:༩༠ན]ལ་ཕན། །སྙིང་ནས་རྗེ་བཙུན་ས་སྐྱ་པའི། །སྙན་བརྒྱུད་ལྷག་མའང་ནུབ་པར་དོགས། །ལེགས་པར་བཤད་པའི་དགེ་བ་འདིས། །སྙན་བརྒྱུད་ཟབ་མོ་རབ་རྒྱས་ཤིང་། །འགྲོ་བས་སངས་རྒྱས་མྱུར་ཐོབ་ཤོག །འོག་ཟླའི་ཡར་ཚེས་བཅོ་ལྔའི་ཉིན། །ཉིན་བྱེད་སྙན་བརྒྱུད་འཁྲུལ་སེལ་འདི། །འདི་ཕྱིར་ཕན་བདེ་འབྱུང་བའི་གནས། །གནས་མཆོག་མཁར་བྱུང་ཡངས་རྩེར་བཀོད། །སྙན་བརྒྱུད་འཁྲུལ་སེལ་ཞེས་བྱ་བའི་བསྟན་བཅོས་འདི་ནི། མཁས་པ་ཆེན་པོ་ལྕགས་ཐང་པ་དང་དཔལ་སྒྱི་ཆུ་བ་ཡབ་སྲས་རྣམས་ཀྱི་ཞབས་པད་བསྟེན་པས། མདོ་སྔགས་ཀྱི་དོན་ལ་བློ་གྲོས་ཀྱི་སྣང་བ་ཅུང་ཟད་གསལ་བ་ངམ་རིང་ཆོས་སྡེ་ཆེན་པོའི་མཁན་ཆེན་བཟང་པོ་བཀྲ་ཤིས་ཞེས་བྱ་བས་གྲུབ་པའི་བསྟི་གནས་སེ་མཁར་བྱུང་གི་ཡངས་རྩེར་ལེགས་པར་བཀོད་པ་འདིས་སངས་རྒྱས་ཀྱི་བསྟན་པ་དར་ཞིང་རྒྱས་པ་དང་། ལམ་གྱི་བར་ཆད་ཞི་ནས་སེམས་ཅན་ཐམས་ཅད་ཀྱིས་རྡོ་རྗེ་འཆང་གི་གོ་འཕངས་མྱུར་དུ་ཐོབ་པར་གྱུར་ཅིག དགེ་ལེགས་འཕེལ། ཅེས་པ་དེ་རྣམས་ཀྱིས་ཆོས་རྗེ་བཟང་པོ་བཀྲ་ཤིས་ཀྱི་གསུང་རབ་ལས་འབྱུང་ཚུལ་བཤད་ཟིན་ནས།། ༈ །།གཉིས་པ་སྒྱི་ཆུ་བ་བུརྡྷ་ཤྲཱིའི་ལེགས་བཤད་ལས་འབྱུང་ཚུལ་བཤད་པ་ནི། དེས་མཛད་པས་ཡང་ལན་ནོར་བུའི་ཕྲེང་བ་ཞེས་བྱ་བ་ལས་འདི་ལྟར་འབྱུང་སྟེ། ཨོཾ་བདེ་ལེགས་སུ་གྱུར་ཅིག རྒྱལ་བ་ཀུན་གྱི་ཡེ་ཤེས་འཇམ་པའི་དབྱངས། །གངས་ཅན་འདུལ་ཕྱིར་མིའི་ཚུལ་བཟུང་ནས། །མ་ནོར་ལམ་སྟོན་རྗེ་བཙུན་ས་སྐྱ་པ། །སྐྱེ་དགུ་ཀུན་གྱི་གཙུག་ན་རྒྱལ་གྱུར་ཅིག །མདོ་རྒྱུད་མན་ངག་བསྟན་བཅོས་ཀུན་གྱི་དོན། །ཇི་བཞིན་རྟོགས་