[A:༨༩བ] །གཞན་གྱི་ས་ལུགས་སྙན་བརྒྱུད་ལ། །སྐྱོན་བརྗོད་སྙིང་ལ་ཞུགས་པ་ཡི། །ཡིད་ཆེས་མེད་པའི་སྐྱོགས་བཤད་མང་། །ལུགས་གཏན་འགལ་ཡང་སྙན་བརྒྱུད་དང་། །འགལ་མེད་ས་ལུགས་སྙིང་པོར་བཟུང་། །དུས་འཁོར་བདེ་མཆོག་གསལ་ལོ་ཞེས། །སྙན་བརྒྱུད་འགོག་པའི་ཟུར་ཟ་ཡིན། །ཚོགས་འཁོར་བཤད་པ་མ་རྟོགས་དང་། །རྗེས་འཛིན་ལ་སོགས་ལོག་རྟོག་དང་། །ལུས་དཀྱིལ་ཐེ་ཚོམ་བཅས་པ་སྟེ། །མ་རྟོགས་ལོག་རྟོག་ཐེ་ཚོམ་གྱིས། །འཁྲུལ་པ་སྙན་བརྒྱུད་འདི་ཡིས་སེལ། །དབུས་གདོང་ཉེར་ལྔའི་ཕྱོགས་སྔ་ལས། །འཕྲོས་དོན་ལན་དང་ཚིག་སྐྱོན་སོགས། །ཞིབ་དཔྱོད་བྱས་ན་མང་ཡོད་ཀྱང་། །གནད་རྣམས་དྲིལ་ནས་འདི་ཙམ་བྲིས། །གཞན་ཡང་གསང་བ་ཀུན་རྒྱན་གྱི། །དགོངས་པ་ཡིན་ཞེས་རྗེས་འབྲང་རྣམས། །ལ་ལ་ཚོགས་འཁོར་ཤ་ཆང་རོལ། །ཕལ་ཆེར་ཐ་མལ་ཤ་ཆང་བརྟེན། །དབང་བསྐུར་སྐབས་སུ་ཚོགས་འཁོར་སྤོང་། །རང་གཞན་གཉིས་ཀའི་ལུགས་དང་འགལ། །འགའ་ཞིག་བདུད་རྩི་རིལ་བུ་བསྟེན། །བཅུ་གསུམ་པ་ཡི་ཉེས་མེད་ཟེར། །འཁྲུལ་སྤོང་ཉིད་ལས་སྐབས་མིན་གསུངས། །གཞན་ཡང་དབུས་པའི་ཐོས་བྲལ་འགའ། །སེམས་བསྐྱེད་བརྒྱུད་པ་ཡོད་པར་ཐལ། །ཞེས་སོགས་ཚིག་ཁྲི་སྨྲ་བ་ཐོས། །འོ་ན་ཤེས་རབ་སྙིང་པོ་ལས། །གཟུགས་མེད་སྒྲ་མེད་ལ་སོགས་དང་། །དབུ་མ་རྩ་བའི་མཆོད་བརྗོད་དུ། །འགག་པ་མེད་པ་སྐྱེ་མེད་པ། །ཞེས་སོགས་ལ་ཡང་མཚུངས་པའི་ཕྱིར། །བླུན་པོའི་རིགས་པ་རང་ལ་ཟློག །བརྒལ་ལན་མེད་པའི་ཅི་དྲག་ཡིན། །དེ་འདྲ་གནས་ལུགས་སྐབས་ཡིན་ན། །སྔ་མའང་སྐབས་དོན་ཅི་མི་རྩི། །བདེན་ལན་བྱིན་པ་ཀུན་