[A:༩༠བ]ནས་གཞན་དྲིང་མི་འཇོག་པའི། །འཁྲུལ་མེད་སྨྲ་བའི་དབང་པོ་མུས་སྲད་པ། །ལས་སྐལ་བསགས་རྒྱབ་ཅན་གྱི་གཙུག་ཏུ་མཆོད། །སྨིན་གྲོལ་ལམ་གྱི་ཆ་ཐེབས་མ་ལུས་པ། །ས་སྐྱའི་བླ་ཆེན་རྣམས་ཀྱི་དགོངས་པ་བཞིན། །སྙན་བརྒྱུད་བཞི་ལྡན་རྗེ་བཙུན་སྒྱི་ཆུ་བ། །བདག་ཅག་རྣམས་ཀྱི་འདྲེན་པར་གསོལ་བ་འདེབས། །འདི་ལྟར་དྲི་མ་མེད་པའི་ལུང་གིས་ཕྱུག་ཅིང་མངོན་པར་རྟོགས་པའི་ཡོན་ཏན་གྱིས་བརྒྱན་པ། ཉན་ཐོས་དང་ཐེག་པ་ཆེན་པོ་སྤྱི་ལ་བརྩམས་སྟེ་བསྟན་པ་གཅེས་སྤྲས་སུ་མཛད་པས། ངུར་མིག་འཛིན་པ་རྣམས་ཀྱི་རྩེ་མོར་བྱོན་པ། རང་དང་གཞན་གྱི་གྲུབ་མཐའ་རྒྱ་མཚོ་ལྟ་བུ་ལ་དབང་འབྱོར་བས་མཁས་པའི་བྱ་བ་གསུམ་ལ་ཐོགས་པ་མེད་པ། གདུལ་བྱ་མཐའ་དག་སྨིན་གྲོལ་ལ་འགོད་པའི་མཛད་པ་བཟང་པོས་ས་སྐྱ་པའི་བསྟན་པའི་ཁུར་ལྕི་བ། སྙིགས་དུས་ཀྱི་རྡོ་རྗེ་འཆང་ཆེན་པོ་ཀུན་དགའ་བཟང་པོ་ཞེས་ཡོངས་སུ་གྲགས་པ་དེ་ཉིད་ཀྱིས་སྐྱེས་བུ་བརྩོན་འགྲུས་ཀྱི་སྟོབས་བྲལ་ཞིང་ཤེས་རབ་ཀྱི་མིག་ལོང་བ། རྣམ་གཡེང་གི་ཁུར་ཆེ་ཞིང་ལེ་ལོའི་འདམ་དུ་བྱིང་བ། བློ་གྲོས་ཀྱི་རྩལ་མེད་པས་ལེགས་བཤད་དོན་དུ་མི་གཉེར་བ། དད་པའི་རྗེས་སུ་འབྲང་ཞིང་ཉུང་ངུ་ལ་དགའ་བ་དག་གི་ངོ་བོར། གསུང་ངག་རིན་པོ་ཆེ་ལམ་འབྲས་འབུ་དང་བཅས་པའི་གདམ་ངག་རིམ་པར་སྙན་དུ་བརྒྱུད་པའི་ཡིག་སྣ། ངེས་པར་མེད་དུ་མི་རུང་བ་བརྒྱ་ཕྲག་གཅིག་དང་སུམ་ཅུ་རྩ་བརྒྱད་ལས། ཐོས་བསམ་གྱིས་སྒྲོ་འདོགས་ཆོད་པར་བྱས་ནས་དཀྲི་ཚུལ་གྱི་རིམ་པ་སུམ་ཅུ། ཆོས་ཀྱི་ཚོམ་ཆེན་པོ་ལྔ་བརྒྱ་དང་ལྔ་བཅུ་རྩ་གཉིས། བསྒོམ་གེགས་བསལ་བའི་ཐབས་བརྒྱ་ཕྲག་གཅིག་དང་སུམ་ཅུ་སྟེ། མདོར་ན་རྡོ་རྗེ་འཆང་