[A:༩༤ན]ཀྱི་རྣམ་གཞག་དེ་དག་ཁྱོད་ལ་མེད་པའི་ཕྱིར། རྗེས་འཛིན་ལ་གྲངས་ངེས་ཀྱི་རྣམ་གཞག་འཐད་པར་ཐལ། འཕགས་པའི་རྩ་རྒྱུད་ཀྱི་ཊཱིཀྐ་དང་། སྤྱི་རྒྱུད་ཀྱི་དགོངས་པས་གྲངས་ངེས་ཡོད་པ་དེ་ཁྱོད་འདོད་པའི་ཕྱིར། ཡང་རྗེས་འཛིན་ལ་གྲངས་ངེས་ཀྱི་རྣམ་གཞག་མི་འཐད་པར་ཐལ། རྣམ་སྣང་མངོན་བྱང་གི་དགོངས་པས་གྲངས་ངེས་མེད་པ་དེ་ཁྱོད་འདོད་པའི་ཕྱིར། སྤྱིར་རྒྱུད་སྡེ་ལས་བཤད་པའི་རྗེས་འཛིན་ལ་གྲངས་ངེས་ཀྱི་རྣམ་གཞག་མི་འཐད་པར་ཐལ། རྒྱུད་སྡེ་ལས་བཤད་པའི་གྲངས་ངེས་ཡིན་ན་དབང་བསྐུར་གྱི་གྲངས་ངེས་ཡིན་པས་ཁྱབ་པ་གང་ཞིག དབང་བསྐུར་གྱི་གྲངས་ངེས་ཡིན་ན་རྗེས་འཛིན་གྱི་གྲངས་ངེས་མིན་དགོས་པའི་ཕྱིར་དང་། སྤྱི་རྒྱུད་ནས་བཤད་པའི་གྲངས་ངེས་དེ་རྗེས་འཛིན་གྱི་གྲངས་ངེས་མིན་པའི་ཕྱིར་དང་། དབང་ཆུ་ནས་བཤད་པའི་གྲངས་ངེས་དེ་རྗེས་འཛིན་གྱི་གྲངས་ངེས་མིན་པའི་ཕྱིར་དང་། རྣམ་སྣང་མངོན་བྱང་གི་ལུང་དེས་ཀྱང་རྒྱུད་སྡེ་གསུམ་ལ་གྲངས་ངེས་ཡོད་པ་བཀག་པའི་ཕྱིར་ཏེ། དེས་ཀྱཻ་རྡོར་གྱི་རྗེས་འཛིན་ལ་གྲངས་ངེས་ཡོད་པ་བཀག་པ་གང་ཞིག བདེ་མཆོག་སོགས་ལ་མཚུངས་པའི་ཕྱིར། འཕགས་པ་རིན་པོ་ཆེའི་རྩ་རྒྱུད་ཀྱི་ཊཱིཀྐ་ཡོད་པར་མ་གྲགས་ཤིང་། དཀར་ཆག་སྔ་རྟིང་རྣམས་སུ་ཡང་མ་བྱུང་བས། གཞན་ཞིག་གི་འཕགས་པའི་མཚན་སྦྱར་བའམ། ཁྱོད་རང་གིས་མེད་བཞིན་དུ་མཐོང་བ་ཁོ་ན་ཡིན་ནོ། །གཞན་ཡང་ཁྱོད་ཀྱིས་སྤྱི་རྒྱུད་ཀྱི་རྗེས་འཛིན་འཆད་པའི་སྐབས་སུ། སྐབས་འདིར་གྲངས་ངེས་ཡོད་པའི་དམིགས་བསལ་ཡང་མ་བྱུང་བས་མི་འཐད་ལ། ཞེས་དང་གྲངས་ངེས་མེད་པའི་ཤེས་བྱེད་དུ་འཕགས་པའི་རྩ་