R396: དཔལ་ལྡན་ས་སྐྱ་པའི་སྔགས་ཕྱོགས་ཀྱི་བསྟན་འཛིན་ངོར་རྫོང་རྣམ་གཉིས་ཀྱི་ཀྱཻ་རྡོ་རྗེ་མན་ངག་ལུགས་ཀྱི་ཕྱག་ལེན་གྱི་རིམ་པ་གཙོ་བོར་གྱུར་པའི་ཟབ་མོའི་གནད་འགའ་ཞིག་ལ་བཞེད་ཚུལ་མི་འདྲ་བའི་གྲུབ་མཐའི་རྣམ་གཞག་མདོ་ཙམ་བཤད་པ་ལུགས་གཉིས་གསལ་བའི་ཉིན་བྱེད།

  • Pagination (Witness A): ༩༤བ
[A:༩༤བ]རྒྱུད་ཀྱི་ཊཱིཀྐར་རྣམ་སྣང་མངོན་བྱང་གི་ལུང་དྲངས་པ་བཀོད་པ་དང་། ཡང་འཕགས་པའི་རྩ་རྒྱུད་ཊཱིཀྐ་དང་སྤྱི་རྒྱུད་དགོངས་པས་གྲངས་ངེས་ཡོད་པ་དང་། རྣམ་སྣང་མངོན་བྱང་གི་དགོངས་པས་གྲངས་ངེས་མེད་པ་གཉིས་ཀ་སློབ་མ་རྗེས་འཛིན་གྱི་སྐབས་སུ་འདིར་བཤད་པས་མི་འགལ་བ་ཉིད་དུ་འདོད་དོ། །ཞེས་གསུངས་ན། འདི་ལྟ་བུའི་འགལ་བའི་ཁུར་ཆེན་གྱིས་དུབ་པར་མ་གྱུར་ཏམ། རང་ཉིད་ཀྱིས་སྨྲས་པའི་རིགས་སྔགས་ཀྱིས་བཅིངས་པར་གསལ་ལོ། །དེས་ན། སྤྱོད་པའི་རྒྱུད་ཀྱི་དཀྱིལ་འཁོར་ལ། །སློབ་མ་གྲངས་ངེས་མེད་པར་གསུངས། །ལྷག་མ་དམིགས་བསལ་མ་མཛད་པའི། །སློབ་མ་ལ་ནི་གྲངས་ངེས་ཡོད། །འདི་ནི་གསང་བ་སྤྱི་རྒྱུད་ལས། །མཁས་པས་སློབ་མ་གཅིག་གམ་གསུམ། །ལྔ་འམ་ཡང་ན་བདུན་དག་གམ། །ཉི་ཤུ་རྩ་ནི་ལྔ་ཡི་བར། །ཟུང་དུ་མ་གྱུར་སློབ་མ་གཟུང་། །དེ་བས་ལྷག་པའི་སློབ་མ་ནི། །ཡོངས་སུ་གཟུང་བ་མི་ཤིས་སོ། །དེའི་རྒྱུ་མཚན། དེ་བས་ལྷག་པའི་སློབ་མ་ལ། །ཆོ་ག་ཡོངས་སུ་རྫོགས་པ་ནི། །མཚན་མོ་གཅིག་ལ་ཚར་མི་ནུས། །དེ་ཡི་མཚན་མོ་མ་ཚར་ན། །ཆོ་ག་ཉམས་པ་རྒྱལ་བས་གསུངས། །ཉམས་ན་ཅིར་འགྱུར་ཞེ་ན། དཔལ་ལྡན་དམ་པ་དང་པོ་ལས། ཆོ་ག་ཉམས་པའི་བྱིན་རླབས་ཀུན། །བགེགས་ཀྱིས་ཡིན་པར་རྒྱལ་བས་གསུངས། །ཡིན་པས་ཅི་ཏོ་སྙམ་ན། བགེགས་ཀྱིས་བསོད་ནམས་མ་ལུས་མཛད་པར་བྱེད། །ཅེས་དང་། རྗེ་བཙུན་གྱི་སློབ་མ་རྗེས་སུ་བཟུང་བའི་ཆོ་ག་དང་། དེ་སྨིན་པར་བྱ་བ་དབང་བསྐུར་བའི་མངོན་རྟོགས་སོ། །དང་པོ་ནི་རྒྱུད་འདི་ལས་གསལ་པོ་ཙམ་མ་གསུངས་ཀྱང་། སློབ་མས་གསོལ་བ་བཏབ་པ་