R396: དཔལ་ལྡན་ས་སྐྱ་པའི་སྔགས་ཕྱོགས་ཀྱི་བསྟན་འཛིན་ངོར་རྫོང་རྣམ་གཉིས་ཀྱི་ཀྱཻ་རྡོ་རྗེ་མན་ངག་ལུགས་ཀྱི་ཕྱག་ལེན་གྱི་རིམ་པ་གཙོ་བོར་གྱུར་པའི་ཟབ་མོའི་གནད་འགའ་ཞིག་ལ་བཞེད་ཚུལ་མི་འདྲ་བའི་གྲུབ་མཐའི་རྣམ་གཞག་མདོ་ཙམ་བཤད་པ་ལུགས་གཉིས་གསལ་བའི་ཉིན་བྱེད།

  • Pagination (Witness A): ༡༠༠བ
[A:༡༠༠བ]བརྗོད་པའི་སུན་འབྱིན་རྣམས། །བཟློག་པས་ཐར་པའི་ཐབས་མེད་པར། །བློ་ལྡན་རྣམས་ཀྱིས་ཤེས་པར་མཛོད། །ལུས་དཀྱིལ་འབྱུང་ཁུངས་ཀྱི་སྐབས་སུ། རིགས་སྔགས་མཁན་པོ་ན་རེ། སངས་རྒྱས་ལས་ཆོས་འབྱུང་། ཉི་མ་ལས་འོད་ཟེར་འབྱུང་། སྤྲིན་ལས་ཆར་པ་འབྱུང་། ཞེས་སོགས་འདི་འདྲའི་རིགས་ཅན་ལ་འབྱུང་ཁུངས་ཀྱི་ཚིག་ཅེས་བཤད་ལ། དེ་འདིར་ཡང་སྦྱར་ན། ཨྃ་ལས་རིན་ཆེན་འབྱུང་ལྡན་འབྱུང་། ཞེས་པ་ལྟ་བུ་ཞིག་ཏུ་འགྱུར་ཞིང་། དེའི་ཚེ་ཨྃ་ལས་བྱུང་བའི་རིན་འབྱུང་། ཨྃ་ཉིད་ལས་ལོགས་སུ་གྱུར་པ་ཞིག་འདོད་དགོས་པར། སྔ་མ་དེ་རྣམས་ཀྱི་རིགས་པས་ཤེས་ལ། དེ་འདྲ་བ་སྐབས་འདིར་ཁས་བླངས་སུ་རུང་བ་མ་ཡིན་ཏེ། ཨྃ་ལས་ལོགས་སུ་གྱུར་པའི་རིན་འབྱུང་སྤྲུལ་འཁོར་གྱི་དབུས་སུ་བསྒོམ་པ་ཚད་ལྡན་སུས་ཀྱང་མ་བཤད་པའི་ཕྱིར་ཞེས་དང་། ཡིན་ལུགས་ཀྱི་གོ་བ་ཆགས་པ་ལ་ཕྱོགས་གཉིས་ཀ་མི་འགལ། དང་པོའི་ལས་ཅན་ལ་ངག་འདོན་གཅིག་ཤེས་འཁྲུལ་གཞི་ཆུང་ཞེས་དང་། སློབ་དཔོན་རིན་པོ་ཆེའི་ལུང་དེའི་དོན་ནི། ཧཱུྃ་ལ་སོགས་པ་རྣམས་ཕོ་བྲང་ལྔའི་གཙོ་བོ་རྣམས་ཀྱི་ས་བོན་ཡིན་པར་བསྟན་གྱི། ལུས་དཀྱིལ་སྒོམ་པའི་ཚེ་ས་བོན་དེ་རྣམས་ལས་བསྐྱེད་དགོས་པར་མ་བསྟན། འོ་ན་ཅི་སྙམ་ན། ལམ་དུས་ཀྱི་རིག་པའི་དབང་ལྔའི་རིགས་ལྔའི་གཙོ་བོ་གནས་གྱུར་པ་ལྟ་བུའི་ཚེ། རྒྱུ་དབང་དང་མཐུན་པར་རྡོ་རྗེ་ཆོ་ག་གསུམ་ལས་བསྐྱེད་པའམ། ས་བོན་ལས་བསྐྱེད་ན་བྷྲུྃ་ལས་བསྐྱེད་ཅེས་པའི་དོན་ཡིན་ཞེས་ཟེར་རོ། །ཨྃ་ལས་ལོགས་སུ་གྱུར་པའི་རིན་འབྱུང་སྤྲུལ་འཁོར་གྱི་དབུས་སུ་བསྒོམ་དགོས་པར་འགྱུར་ཏེ། ཨྃ་ལས་བྱུང་བའི་རིན་