R396: དཔལ་ལྡན་ས་སྐྱ་པའི་སྔགས་ཕྱོགས་ཀྱི་བསྟན་འཛིན་ངོར་རྫོང་རྣམ་གཉིས་ཀྱི་ཀྱཻ་རྡོ་རྗེ་མན་ངག་ལུགས་ཀྱི་ཕྱག་ལེན་གྱི་རིམ་པ་གཙོ་བོར་གྱུར་པའི་ཟབ་མོའི་གནད་འགའ་ཞིག་ལ་བཞེད་ཚུལ་མི་འདྲ་བའི་གྲུབ་མཐའི་རྣམ་གཞག་མདོ་ཙམ་བཤད་པ་ལུགས་གཉིས་གསལ་བའི་ཉིན་བྱེད།

  • Pagination (Witness A): ༡༠༠ན
[A:༡༠༠ན]ཕྱག་ལེན་ལ་མི་མཐུན་པ་ཅུང་ཟད་ཙམ་ཡང་མེད་དོ། །ཞེས་མང་དུ་སྨྲ་བར་བྱེད་དོ། །ལམ་དུས་དབང་གི་ཡི་གེ་དེ། །དགོས་མེད་གཅིག་ལ་གསུངས་པ་ཐལ། །བུམ་པའི་དབང་བསྐུར་བདུན་པ་ལ། །འཁོར་གསུམ་ཡོངས་དག་མེད་པའི་ཕྱིར། །རྗེ་བཙུན་ནང་འགལ་གསུངས་པ་དང་། །སྐུ་མཆེད་གཉིས་ཀྱང་འགལ་བར་ཐལ། །རྡོ་རྗེ་གུར་གྱི་གཞུང་དོན་དེས། །འཁོར་གསུམ་ཡོངས་དག་བཀག་པའི་ཕྱིར། །འཁོར་གསུམ་ཡོངས་དག་ཞེས་བྱ་བ། །ཆུ་དབང་ཁོ་ན་ཡིན་པར་ཐལ། །དབང་བསྐུར་ཕྱི་མ་དྲུག་པོ་ལ། །འཁོར་གསུམ་ཡོངས་དག་མེད་པའི་ཕྱིར། །རྡོ་རྗེ་གུར་གྱི་གཞུང་དོན་དང་། །སློབ་དཔོན་རྩེ་མོའི་དབང་ཆུ་དེ། །ཁྱེད་ཀྱི་དགག་བྱར་ཡིན་པར་ཐལ། །དབང་བསྐུར་བདུན་གྱི་སློབ་དཔོན་དེ། །རིགས་བདུན་སོ་སོར་འཕོ་བའི་ཕྱིར། །དབང་བསྐུར་བདུན་ལ་ཁྱེད་ཉིད་ཀྱང་། །འཁོར་གསུམ་ཡོངས་དག་མེད་པར་ཐལ། །ལམ་དུས་དབང་གི་ཡི་གེ་དང་། །ཁྱེད་ཀྱི་ཕྱག་ལེན་མཐུན་པའི་ཕྱིར། །ལམ་དུས་དབང་གི་ཡི་གེ་དང་། །ཁྱེད་ཀྱི་ཕྱག་ལེན་འགལ་བར་ཐལ། །དབང་བསྐུར་ཕྱི་མ་གསུམ་པོ་ལ། །དབང་རྫས་ཡོངས་དག་མེད་པའི་ཕྱིར། །མན་ངག་ལུགས་ཀྱི་བརྟུལ་ཞུགས་དང་། །སློབ་དཔོན་གཉིས་ཀྱི་དབང་རྫས་ལ། །བསྡུས་པ་ཕྱི་མ་སྦྱར་ཞེས་པ། །གྱི་ན་ཙམ་གྱི་ཚིག་ཏུ་ཐལ། །དེ་ལ་དམ་རྫས་མེད་པའི་ཕྱིར། །རང་གི་བཟླས་པའི་རིགས་སྔགས་ཀྱིས། །རང་ཉིད་དམ་དུ་བཅིངས་ལགས་སམ། །འཁོར་གསུམ་ཡོངས་དག་མ་ཤེས་པས། །ངོས་འཛིན་གྲུབ་མཐའ་བཅས་ལགས་པས། །རྗེས་འཇུག་རྣམས་ཀྱང་བསྡུས་ལགས་སམ། །རང་གིས་