R396: དཔལ་ལྡན་ས་སྐྱ་པའི་སྔགས་ཕྱོགས་ཀྱི་བསྟན་འཛིན་ངོར་རྫོང་རྣམ་གཉིས་ཀྱི་ཀྱཻ་རྡོ་རྗེ་མན་ངག་ལུགས་ཀྱི་ཕྱག་ལེན་གྱི་རིམ་པ་གཙོ་བོར་གྱུར་པའི་ཟབ་མོའི་གནད་འགའ་ཞིག་ལ་བཞེད་ཚུལ་མི་འདྲ་བའི་གྲུབ་མཐའི་རྣམ་གཞག་མདོ་ཙམ་བཤད་པ་ལུགས་གཉིས་གསལ་བའི་ཉིན་བྱེད།

  • Pagination (Witness A): ༡༠༤ན
[A:༡༠༤ན]པ་ ཡིན་ནོ། །ལུང་ཕྱི་མའི་དོན་ནི། ཚོགས་འཁོར་གྱི་ཚུལ་རྣམས་ཤིན་ཏུ་གསང་ཞིང་སྦས་པར་བྱ་བ་དང་། གསང་སྤྱོད་ཟབ་མོ་བག་ཡེངས་སུ་མི་འགྱུར་བའི་ཕྱིར་གང་ཐོད་དུ་བྱ་བ་བཀག་པ་ཡིན་ཏེ། དགེ་སློང་རྣམས་ལ་ཞེས་སོགས་ནི་དངོས་སུ་དགོངས་པ་ཡིན་ཏེ། དེ་ལྟར་མ་ཡིན་ན་དགེ་སློང་ནི། སྔགས་ཀྱི་རྣལ་འབྱོར་པ་མཆོག་ཏུ་གསུངས་པ་སོགས་མི་འགྲིག་པ་དུ་མ་ཡོད་པའི་ཕྱིར་རོ། །དེས་ན་རྣམ་དཔྱོད་ཀྱི་ཤེས་རབ་དང་ལྡན་པའི་ཤེས་པར་ནུས་ཀྱི། གཞན་དག་གི་ལུང་སྦྱོར་མཁས་པའི་བཞད་གད་ཀྱི་གནས་ཡིན་ནོ། །གཞན་དུ་ན་རྡོ་རྗེ་ཐེག་པའི་དབང་བཞི་བླང་བ་དང་། ལམ་བཞི་བསྒོམ་པ་སོགས། ཁྱོད་རྗེས་འབྲང་དང་བཅས་པ་རྣམས་ཀྱི་ཉམས་ལེན་དུ་མི་རུང་ཞིང་། དགག་བྱ་ཡིན་པར་ཐལ་ཏེ། གསང་བ་ཤེས་རབ་དབང་བསྐུར་ནི། །ཚངས་པར་སྤྱོད་པས་བླང་མི་བྱ། །གལ་ཏེ་དབང་བསྐུར་དེ་འཛིན་ན། །བཀག་པ་སྤྱད་པར་གྱུར་པའི་ཕྱིར། །དཀའ་ཐུབ་སྡོམ་པ་དེ་ཉམས་ཏེ། །བརྟུལ་ཞུགས་ཅན་དེ་ཕམ་པ་ཡིན། །ལྟུང་བ་དག་ནི་བྱུང་གྱུར་ནས། །དེ་ནི་ངན་སོང་ངེས་ལྟུང་བས། །གྲུབ་པ་ནམ་ཡང་ཡོད་མ་ཡིན། །ཞེས་གསུངས་པའི་ཕྱིར། ཁྱོད་ཀྱི་ལུང་སྦྱོར་ཐམས་ཅད་འདི་དང་འདྲ་བས་འཆད་རྩོད་རྩོམ་པའི་ཁུར་འདི་རེ་ཞིག་བཞག་ན་ལེགས་པ་ཡིན་ནོ། །དེས་ན་བཤད་པར་བྱ་སྟེ། རྗེ་བཙུན་ཆེན་པོའི་ཞལ་ནས། དེ་ལ་སངས་རྒྱས་ཐོབ་པའི་རྒྱུ། །བསོད་ནམས་ཡེ་ཤེས་ཚོགས་ཡིན་ཏེ། །ཚོགས་ལས་དངོས་གྲུབ་མཆོག་ཏུ་འགྱུར། །དེ་ཕྱིར་རྟག་ཏུ་ཚོགས་བསག་བྱ། །ཡེ་ཤེས་མངོན་པར་རྟོགས་པ་སྟེ། །བསོད་ནམས་རྣམ་པ་མང་ཡོད་ཀྱང་། །རང་གི་