R396: དཔལ་ལྡན་ས་སྐྱ་པའི་སྔགས་ཕྱོགས་ཀྱི་བསྟན་འཛིན་ངོར་རྫོང་རྣམ་གཉིས་ཀྱི་ཀྱཻ་རྡོ་རྗེ་མན་ངག་ལུགས་ཀྱི་ཕྱག་ལེན་གྱི་རིམ་པ་གཙོ་བོར་གྱུར་པའི་ཟབ་མོའི་གནད་འགའ་ཞིག་ལ་བཞེད་ཚུལ་མི་འདྲ་བའི་གྲུབ་མཐའི་རྣམ་གཞག་མདོ་ཙམ་བཤད་པ་ལུགས་གཉིས་གསལ་བའི་ཉིན་བྱེད།

  • Pagination (Witness A): ༡༠༤བ
[A:༡༠༤བ] ལྷའི་རྣལ་འབྱོར་གྱིས། །འདོད་ཡོན་ལྔ་སྤྱོད་བླ་ན་མེད། །ཅེས་དང་། དེ་ལ་ཤ་དང་ཆང་དག་དང་། །འབྲས་ཆན་ལ་དུ་འཁུར་བ་དང་། །ཞེས་དང་། བླ་མ་ལ་གུས་རྟོག་པ་ཆུང་། །འཁོན་བཅུག་མེད་ཅིང་རབ་དད་པ། །ཞེས་དང་། དབང་བསྐུར་ཐོབ་ཅིང་བློ་ལྡན་བཟོད། །བརྩོན་དང་བརྟན་པ་ལ་སོགས་ལྡན། །དམ་ཚིག་སྤྱད་བྱ་སྤྱོད་པར་ལྡན། །རྒན་པའི་རིམ་པ་བཞིན་དུ་སྡོད། །ཅེས་དང་། དབང་མ་ཐོབ་པ་མི་རིགས་པས། །དབང་བསྐུར་ཐོབ་པའི་རྒན་རིམ་མོ། །ཞེས་དང་། གལ་ཏེ་རྣལ་འབྱོར་ལྡན་པ་ཡི། །ཁ་ཟས་ཟོས་པར་བྱས་གྱུར་ན། །བསོད་ནམས་རྣམས་ཀྱི་མཐར་ཐུག་པ། །ཚོགས་ཀྱི་འཁོར་ལོ་ཞེས་བྱ་འོ། །ཞེས་དང་། ཡོ་བྱད་ནི་ཅི་འབྱོར་པ་ཡིན་ན་ཡང་། མེད་དུ་མི་རུང་བ་ཤ་དང་ཆང་སྟེ། ཞེས་དང་། ཚོགས་ཀྱི་འཁོར་ལོ་བྱས་ན་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དངོས་གྲུབ་ཐམས་ཅད་འགྲུབ་པར་བསྟན་ཏེ། ཞེས་དང་། རིགས་པས་ཀྱང་ཤེས་ཏེ། ཕྱི་རོལ་གྱི་རས་ལ་སོགས་པ་ལ་སངས་རྒྱས་སུ་བྱས་ནས་མཆོད་པས་ཀྱང་འགྲུབ་པར་འདོད་ན། བདག་ཉིད་སངས་རྒྱས་ཐམས་ཅད་ཀྱི་རང་བཞིན་ཡིན་པ་ལ། དེར་བསྐྱེད་ཅིང་ཤེས་པར་བྱས་ནས་མཆོད་ན་འགྲུབ་པ་ལྟ་སྨོས་ཀྱང་ཅི་དགོས། ཆོས་རྗེ་པས། རབ་ཏུ་བྱུང་བ་ལུས་ངག་གི་ཀུན་སྤྱོད་གཙང་དགོས་པ་ལ་གཙང་བ་དང་མི་གཙང་བ་མཉམ་དགོས་པའི་ཕྱིར་རོ་ཞེ་ན། ཞེས་དང་། རང་ཉིད་མཆོད་པས་སངས་རྒྱས་མཆོད་པར་འགྱུར་བ་མི་འཐད་དེ། ལུས་མི་གཙང་བ་ལས་གྲུབ། སེམས་ཆགས་སྡང་ཡིན་ནོ་ཞེ་ན། ཞེས་ཕྱོགས་སྔ་བརྗོད་ནས། བདག་ཉིད་སངས་རྒྱས་སུ་བསྐྱེད་ནས་མཆོད་པས། སངས་