R396: དཔལ་ལྡན་ས་སྐྱ་པའི་སྔགས་ཕྱོགས་ཀྱི་བསྟན་འཛིན་ངོར་རྫོང་རྣམ་གཉིས་ཀྱི་ཀྱཻ་རྡོ་རྗེ་མན་ངག་ལུགས་ཀྱི་ཕྱག་ལེན་གྱི་རིམ་པ་གཙོ་བོར་གྱུར་པའི་ཟབ་མོའི་གནད་འགའ་ཞིག་ལ་བཞེད་ཚུལ་མི་འདྲ་བའི་གྲུབ་མཐའི་རྣམ་གཞག་མདོ་ཙམ་བཤད་པ་ལུགས་གཉིས་གསལ་བའི་ཉིན་བྱེད།

  • Pagination (Witness A): ༡༠༣བ
[A:༡༠༣བ]འདྲེན་ནོ། །གཉིས་པ་ནི་སྦྱང་རྟོགས་སྦར་གསུམ་ནུས་པའི་རབ་ཏུ་བྱུང་བ་རྣམས་ཀྱི་ཚོགས་འཁོར་བྱས་པའི་སྐྱོན་དུ་མི་འགྱུར་རམ་སྙམ་ན། མ་ཡིན་ཏེ། བདེ་མཆོག་བསྟོད་འགྲེལ་ལས། གང་གི་ཚེ་དབང་བསྐུར་བ་ལ་སོགས་པའི་ཚེ། ཉིན་ཞག་ལ་བྱ་བ་ཕྱིའི་དམ་ཚིག་ནི་ཤིན་ཏུ་སྦས་པ་བྱ་ཞིང་ཕྱི་ནས་བླ་མ་རྣམས་ཀྱིས་རིགས་ཀྱི་བུ་རྣམས་ལ་དགག་པར་བྱའོ། །དགེ་སློང་རྣམས་ལ་ནི་དབང་བསྐུར་བའི་དུས་ཀྱང་སྦྱིན་པར་མི་བྱ་སྟེ། ཆོས་གོས་འཛིན་པ་རྣམས་ལ་བླ་མས་རང་གི་དམ་ཚིག་གིས་ཐམས་ཅད་རབ་ཏུ་བསྟན་པར་བྱ་བའམ། ཞེས་འདྲེན་ནོ། །དེ་དག་ནི་བརྒྱུད་པའི་མན་ངག་མེད་ཅིང་རྟོག་གེ་ངན་པའི་དུག་ཆུས་བསླད་པས། རྒྱུད་དོན་མ་རྟོགས་པའི་སྨྲ་བ་ཡིན་ཏེ། ལུང་དེ་དག་གི་ཁུངས་བཙལ་ནས་ཁོ་བོས་མ་བལྟས་མོད། ཁྱེད་ཀྱིས་དྲངས་པ་དེ་ཉིད་ཚད་མར་བྱས་ནས་བྱེད་ན། ལུང་དང་པོའི་དོན། འདིར་ཞེས་པ་རྡོ་རྗེ་ཐེག་པའི་དཀྱིལ་འཁོར་ཞེས་སྟོན། བྱིས་པ་རྣམས་ཀྱི་ཞེས་པ་སོ་སོའི་སྐྱེ་བོ་སྟེ་སྤྱིར་བསྟན་ནས། འོ་ན་སྐྱེ་བོ་ཐམས་ཅད་ཀྱིས་རུང་ངམ་སྙམ་ན། དབང་ཐོབ་ཅིང་དམ་ཚིག་དང་ལྡན་པའི་རྣལ་འབྱོར་པ་རྣམས་ཀྱི་ཡིན་གྱི་ཞེས་སྟོན་གྱི། དབང་མ་ཐོབ་པ་དང་ཐོབ་ཀྱང་ཉམས་པའི་གང་ཟག་ཐ་མལ་པ་རྣམས་ཀྱི་ནི་མ་ཡིན་ནོ་ཞེས་སྟོན་ཏེ། མདོར་ན་དབང་ཐོབ་ཅིང་དམ་ཚིག་དང་ལྡན་པ་ལྷའི་རྣལ་འབྱོར་ལ་གནས་པ་ཞིག་གིས་ཇི་སྐད་བཤད་པ་བཞིན་གྱི་ཚོགས་ཀྱི་འཁོར་ལོའི་རྫས་སྟེན་དུ་རུང་བར་བསྟན། གང་དག་གི་སྔགས་ཀྱིས་སྟོབས་སམ་ཞེས་པ་མན་ཆད་ཀྱིས་བརྟན་པ་ཐོབ་པའི་གང་ཟག་གིས་ཚོགས་འཁོར་བྱ་བའི་ཚུལ། སྦྱང་རྟོགས་སྦར་གསུམ་གྱི་ཚུལ་རྣམས་རྒྱས་པར་བསྟན་