R396: དཔལ་ལྡན་ས་སྐྱ་པའི་སྔགས་ཕྱོགས་ཀྱི་བསྟན་འཛིན་ངོར་རྫོང་རྣམ་གཉིས་ཀྱི་ཀྱཻ་རྡོ་རྗེ་མན་ངག་ལུགས་ཀྱི་ཕྱག་ལེན་གྱི་རིམ་པ་གཙོ་བོར་གྱུར་པའི་ཟབ་མོའི་གནད་འགའ་ཞིག་ལ་བཞེད་ཚུལ་མི་འདྲ་བའི་གྲུབ་མཐའི་རྣམ་གཞག་མདོ་ཙམ་བཤད་པ་ལུགས་གཉིས་གསལ་བའི་ཉིན་བྱེད།

  • Pagination (Witness A): ༡༠༦ན
[A:༡༠༦ན]།ཞེས་པ་འདི་ནི་རྗེ་བཙུན་སྒྱི་ཆུ་བ་ཆེན་པོ་ལྷའི་མཚན་ཅན་དང་། མང་ཐོས་རབ་གསལ་གྱི་ཞབས་ཀྱི་པད་རྡུལ་ལ་ཡན་ལག་མཆོག་གིས་གཏུགས་པའི་ཕྱོགས་ཀྱི་སློབ་མ་རབ་ཏུ་མང་པོའི་ཐ་ཆུང་བུདྡྷ་ཤྲཱིས། རྣལ་འབྱོར་གྱི་དབང་ཕྱུག་གཙང་བྱམས་པ་རྡོ་རྗེ་རྒྱལ་མཚན་སྐུ་འཁྲུངས་ནས་ལོ་བརྒྱ་ཕྲག་གཅིག་དང་བཅུ་ཕྲག་བརྒྱད་འདས་པ། ཤིང་མོ་སྦྲུལ་གྱི་ལོ་སྟོན་ཟླ་ར་བའི་ཉེར་བཞི་ལ་མཁས་གྲུབ་ཀྱི་བསྟི་གནས་གདན་ས་ཆེན་པོ་དཔལ་དགེ་ཆུ་དགེས་པ་རྡོ་རྗེའི་ཆོས་གྲྭ་ཆེན་པོར་མདོར་བསྡུས་པ་འདིས་སེམས་ཅན་ཐམས་ཅད་ཀྱི་མ་རིག་པའི་མུན་པ་སངས་ནས། ཡང་དག་པའི་ཡེ་ཤེས་ཀྱི་སྣང་བ་རྒྱས་ཏེ། འཇིག་རྟེན་དུ་བདེ་སྐྱིད་ཀྱི་དཔལ་ཕུན་སུམ་ཚོགས་པ་འབར་བར་གྱུར་ཅིག ཅེས་པ་དེ་རྣམས་ཀྱིས་རྫོང་ལུགས་ཀྱི་མཁས་པ་དག་གི་ལེགས་བཤད་ལས་འབྱུང་ཚུལ་བསྟན་ཟིན་ཏོ།། །།འདིར་སྨྲས་པ། སེམས་བསྐྱེད་བརྒྱུད་པ་རྗེས་འཛིན་གྲངས་ངེས་སོགས། །དོན་ཚན་བརྒྱད་ཀྱི་འདྲ་མིན་གྲུབ་མཐའི་སྲོལ། །མཁས་དབང་སོ་སོའི་ལུང་རིགས་ཀྱིས་བསྒྲུབས་པ། །འདི་འདྲ་མཐོང་ཚེ་དཔྱོད་ལྡན་ཡིད་རབ་འཕྲོག །བར་སྐབས་ཀྱི་ཚིགས་སུ་བཅད་པའོ། །ད་ནི་སྤྱི་དོན་གསུམ་པ་ཚོགས་ཀྱི་འཁོར་ལོའི་མཐའ་དཔྱད་དང་། ཞར་ལས་འོངས་པའི་ལེགས་བཤད་ཀྱི་ཆ་འགའ་ཞིག་བསྟན་པ་ལ་གཉིས་ཏེ། ཚོགས་ཀྱི་འཁོར་ལོའི་མཐའ་དཔྱད་བཤད་པ་དང་། ཞར་ལས་འོངས་བའི་ལེགས་བཤད་ཀྱི་ཆ་འགའ་ཞིག་བསྟན་པའོ། །དང་པོ་ནི། ཕྱི་རབས་བྱོན་པའི་ས་སྐྱ་པའི་བསྟན་འཛིན་མཁས་པའི་དབང་པོ་བྱམས་པ་རབ་བརྟན་གྱི་གསུང་བཞིན། རྗེ་བཙུན་དེ་ཉིད་ཀྱི་དངོས་ཀྱི་སློབ་མ་རྣམ་དཔྱོད་ཀྱི་