R396: དཔལ་ལྡན་ས་སྐྱ་པའི་སྔགས་ཕྱོགས་ཀྱི་བསྟན་འཛིན་ངོར་རྫོང་རྣམ་གཉིས་ཀྱི་ཀྱཻ་རྡོ་རྗེ་མན་ངག་ལུགས་ཀྱི་ཕྱག་ལེན་གྱི་རིམ་པ་གཙོ་བོར་གྱུར་པའི་ཟབ་མོའི་གནད་འགའ་ཞིག་ལ་བཞེད་ཚུལ་མི་འདྲ་བའི་གྲུབ་མཐའི་རྣམ་གཞག་མདོ་ཙམ་བཤད་པ་ལུགས་གཉིས་གསལ་བའི་ཉིན་བྱེད།

  • Pagination (Witness A): ༡༠༥བ
[A:༡༠༥བ]ཞལ་ནས་ཀྱང་། འདི་འདྲ་དམན་པ་ཐམས་ཅད་ཀྱི། །ཡུལ་ལས་ཤིན་ཏུ་འདས་པ་སྟེ། །བདེ་བས་བྱང་ཆུབ་སྒྲུབ་བྱེད་པ། །དེ་འདྲ་རྒྱུད་ཀྱི་སྙིང་པོ་ཡིན། །ཞེས་དང་། དབང་ཐོབ་ཅིང་དམ་ཚིག་སྡོམ་པར་ལྡན་པ་རྣམས་ཚོགས་ལ་ཞེས། རབ་ཏུ་མྱོས་པའི་ཆང་མི་བཏུང་། ཆགས་སྡང་གི་གཏམ་མི་བྱ། ཁ་དྲག་དང་རྩོད་པ་མི་བྱེད་ཅེས་གསུངས་ན། སྦྱང་རྟོགས་སྦར་གསུམ་ནུས་པའི་རྣལ་འབྱོར་པ་ལ། བསླབ་བྱ་དེ་འདྲ་བ་ཅི་དགོས་ཏེ། ཁྱད་པར་གྱི་དམ་ཚིག་སྣུབ་པར་བྱེད་པའི་ཐན་སྐད་ཡིན་ནོ། །གཞན་ཡང་ལམ་འདིར་ཞུགས་པའི་རབ་བྱུང་སོགས་ཀྱིས་འདི་ནས་བཤད་པའི་ཚོགས་ཀྱི་འཁོར་ལོ་བྱ་རུང་བ་ཡིན་ཏེ། འདི་ནས་གསུངས་པའི་རྣལ་འབྱོར་པ་ཡིན་པའི་ཕྱིར། སྨྲས་པ། སྙན་བརྒྱུད་ནམ་མཁའི་ནོར་བུ་འདི། །རང་བཟོའི་སྤྲིན་གྱིས་མ་སྒྲིབ་པར། །རྣམ་དཔྱོད་བློ་གྲོས་པདྨོའི་ཚལ། །འོད་ཟེར་རྒྱས་པས་ཕྱེ་ཞིག་ཨང་། །ཚིག་ཙམ་བཀླགས་པས་མི་འཁྲོལ་ཞིང་། ཁྲོལ་ཡང་དེ་ཡི་ལག་ལེན་མེད། །ལག་ལེན་ཤེས་ཀྱང་བརྒྱུད་པས་དབེན། །བརྒྱུད་ལྡན་བླ་མ་སྟེན་ཅིག་ཨང་། །གྲུབ་པའི་མཐའ་ལ་ཆགས་སྡང་ཞིང་། །རང་བཟོའི་ཚིག་གིས་མཁས་རློམ་ནས། །མངོན་པའི་ང་རྒྱལ་ཆེར་འཛིན་ན། །བརྒྱུད་པའི་བྱིན་རླབས་མེད་དོ་ཨང་། །དེ་ལྟར་བརྒལ་ཞིང་བརྟགས་ལ་ཆགས་སྡང་དབང་གིས་ནོངས་པར་གྱུར་སྙམ་བདག་ལ་མེད། །བླ་མའི་དྲིན་ལས་རང་གི་བློ་གྲོས་ཅུང་ཟད་ཁ་ཕྱེ་རྒྱས་ཕྱིར་འདི་བྲིས་མོད། །གཟུར་གནས་བློ་ལྡན་སྐྱེ་བོ་མ་མཐོང་དེ་ཕྱིར་གཞན་ལ་ཕན་སྙམ་བདག་ལ་མེད། །འགལ་འཁྲུལ་མཆིས་དང་ནོངས་པའི་ཚིག་ཤོར་མཁས་དང་ཕྱོགས་སྔ་སྨྲ་ལ་བཟོད་པར་གསོལ།