R396: དཔལ་ལྡན་ས་སྐྱ་པའི་སྔགས་ཕྱོགས་ཀྱི་བསྟན་འཛིན་ངོར་རྫོང་རྣམ་གཉིས་ཀྱི་ཀྱཻ་རྡོ་རྗེ་མན་ངག་ལུགས་ཀྱི་ཕྱག་ལེན་གྱི་རིམ་པ་གཙོ་བོར་གྱུར་པའི་ཟབ་མོའི་གནད་འགའ་ཞིག་ལ་བཞེད་ཚུལ་མི་འདྲ་བའི་གྲུབ་མཐའི་རྣམ་གཞག་མདོ་ཙམ་བཤད་པ་ལུགས་གཉིས་གསལ་བའི་ཉིན་བྱེད།

  • Pagination (Witness A): ༡༠༦བ
[A:༡༠༦བ]བློ་མིག་རབ་ཏུ་གསལ་བ་གང་གིས་བཀོད་པའི་རྗེ་བཙུན་ས་སྐྱ་པའི་ཚོགས་ཀྱི་འཁོར་ལོའི་དགག་ལན་ལོག་རྟོག་བྲག་རི་འཇོམས་པའི་རྡོ་རྗེ་ཞེས་བྱ་བ་ལས་འདི་ལྟར་འབྱུང་སྟེ། ཨོཾ་སྭསྟི་སིདྡྷཾ། དུས་གསུམ་གྱི་རྒྱལ་བ་ཐམས་ཅད་འདུས་པའི་ངོ་བོ་རྗེ་བཙུན་དཔལ་ལྡན་བླ་མ་དམ་པའི་ཞབས་ལ་གུས་པས་ཕྱག་འཚལ་ཞིང་སྐྱབས་སུ་མཆིའོ། །བརྩེ་བ་ཆེན་པོས་རྗེས་སུ་གཟུང་དུ་གསོལ། འདིར་རྡོ་རྗེ་གདན་པ་ཆེན་པོ་ཀུན་དགའ་རྣམ་རྒྱལ་བ་དེ་ཉིད་ཀྱི་རང་ཉིད་ལྟ་བ་དང་སྤྱོད་པ་མཐོན་པོར་ཕྱིན་པའི་སྤྱོད་པ་དང་ཕྱག་ལེན་རྣམས་རྗེས་འཇུག་གི་སྐྱེ་བོ་ལས་དང་པོ་པ་རྣམས་ལ་ཡང་དེ་བཞིན་དུ་སྟོན་པར་མཛད་ཅིང་། ཁྱད་པར་དུ་ཡང་ཚོགས་ཀྱི་འཁོར་ལོའི་ཚུལ་ལུང་དང་རིགས་པ་དུ་མའི་སྒོ་ནས་དགག་བསྒྲུབ་ཀྱི་རྣམ་གཞག་མང་དུ་སྟོན་པ་ཚོགས་ཀྱི་འཁོར་ལོའི་རྣམ་གཞག་གྲུབ་པའི་དགའ་སྟོན་ཞེས་བྱ་བ་མཛད་འདུག་པ་ལ་བརྟེན་ནས་རྗེས་འཇུག་གི་སྐྱེ་བོ་རྟོག་སྤྱོད་ཀྱི་བློ་གྲོས་ཀྱིས་རྒྱུད་དབེན་ཞིང་ཕྱོགས་འཛིན་ཕྲག་དོག་གི་དྲི་མས་རྒྱུད་དཀྲུགས་པ་རྣམས་ཀྱིས་ཀྱང་། མཆོག་འཛིན་གྱི་ལྟ་བས་ཀུན་ནས་བླངས་ཏེ་རི་བོང་ཅལ་གྱི་རྗེས་སུ་འབྲང་བ་ལྟར་གཞན་གྱི་གྲུབ་མཐའ་དང་ཕྱག་ལེན་རྣམ་པར་དག་པ་རྣམས་ཁྱད་དུ་བསད་དེ་སྐྱེས་བུ་དམ་པ་རྣམས་ལ་ཞེ་སྡང་བར་བྱེད་པ་ནི་སྡིག་པའི་ཁུར་ལྕི་ཞིང་བསྟན་པ་ལ་གནོད་པར་བསམ་སྟེ། འདིར་གཟུ་བོར་གནས་པའི་བློས་དཔྱད་པའི་སྒོ་ནས་འཐད་པ་དང་མི་འཐད་པའི་ཆ་རང་གི་རྣམ་རྟོག་ལ་ཤར་བ་རགས་རིམ་ཙམ་ཡི་གེར་བྲི་བར་བྱའོ། །འདི་ལ་དགག་པ་མདོར་བསྟན་གྱི་ལན་བཤད་པ་དང་། དགག་པ་རྒྱས་བཤད་ཀྱི་ལན་བཤད་པ་གཉིས། དང་པོ་ལ་དགག་པའི་ལུང་དྲངས་པ་