R396: དཔལ་ལྡན་ས་སྐྱ་པའི་སྔགས་ཕྱོགས་ཀྱི་བསྟན་འཛིན་ངོར་རྫོང་རྣམ་གཉིས་ཀྱི་ཀྱཻ་རྡོ་རྗེ་མན་ངག་ལུགས་ཀྱི་ཕྱག་ལེན་གྱི་རིམ་པ་གཙོ་བོར་གྱུར་པའི་ཟབ་མོའི་གནད་འགའ་ཞིག་ལ་བཞེད་ཚུལ་མི་འདྲ་བའི་གྲུབ་མཐའི་རྣམ་གཞག་མདོ་ཙམ་བཤད་པ་ལུགས་གཉིས་གསལ་བའི་ཉིན་བྱེད།

  • Pagination (Witness A): ༡༡༡ན
[A:༡༡༡ན]བསྟེན་བྱར་བྱེད་པས་ཁྱབ་པའི་ཕྱིར་ཏེ། དེ་ཡིན་ན་འདོད་པའི་ཡོན་ཏན་རྣམས་ཀྱི་ནང་ནས་འདི་ལྟ་བུ་ཞིག་བསྟེན་བྱ་ཡིན། འདི་ལྟ་བུ་ཞིག་བསྟེན་བྱ་མིན་ཞེས་པའི་དམིགས་བསལ་མི་འཐད་པས་ཁྱབ་པའི་ཕྱིར། རྟགས་ཁྱོད་ཀྱིས་ཁས་བླངས་ཏེ། ཁྱེད་ཀྱི་ལུང་དེ་ཉིད་ལས། ཁྱེད་བླ་མེད་པ་ལ་འདོད་པའི་ཡོན་ཏན་ཐམས་ཅད་བསྟེན་བྱར་གསུངས་ན། བཟའ་བཏུང་གི་རྣལ་འབྱོར་ཅིས་བསྟེན་པར་བྱ་བ་མིན་ཏེ། དམིགས་བསལ་འཐད་པ་མིན་པའི་ཕྱིར་རོ་སྙམ་དུ་ཁོང་དུ་ཆུད་པའི་ཆེད་ཡིན་ནོ་ཞེས་ཚོགས་འཁོར་བསྟེན་པའི་དགོས་པའི་གཙོ་བོར་སྨྲས་པའི་ཕྱིར། ལེགས་པར་སོམས་ཤིག གོང་དུ་འདོད་ན། མི་ཚངས་སྤྱོད་མ་བྱིན་ལེན་དང་། མ་དག་པའི་ཁ་ཟས་སོགས་སྤོང་བའི་དགེ་སློང་རྡོ་རྗེ་འཛིན་པ་མེད་པར་ཐལ། འདོད་པའི་ཕྱིར། དེའང་འདོད་ན་སྙིགས་མའི་དུས་འདིར་དེ་ལྟ་བུའི་གྲུབ་པའི་ཕྱག་ལེན་སྐྱོང་བ་མང་བར་འདུག་པས་ཁྱེད་ཉིད་དགེས་པར་གྱུར་ཅིག གཞན་ཡང་དགེ་སློང་རྡོ་རྗེ་འཛིན་པས་ཕྱི་དྲོའི་ཁ་ཟས་དང་། ཆང་སོགས་སྤོང་བ་མི་རུང་བར་ཐལ། དེ་ཕྱི་དྲོའི་དུས་སུ་འདི་ལྟ་བུ་ཞིག་ལོངས་སྤྱོད་དུ་རུང་འདི་ལྟ་བུ་ཞིག་མི་རུང་ཞེས་པའི་དམིགས་བསལ་མི་འཐད་པའི་ཕྱིར། རྟགས་ཁས། འདོད་ན། འཁྲུལ་སྤོང་ལས། དགོས་པ་མེད་པར་ཕྱི་དྲོའི་ཁ་ཟས་བཟའ་ན་ཉན་ཐོས་ཀྱི་བཅས་པའི་སྟེང་དུ་རྡོ་རྗེ་ཐེག་པའི་ཡང་ཉེས་པའོ་ཞེས་སོགས་དང་། རྒྱུད་ལས། སྡོམ་པ་གཉིས་ཀྱི་བཅས་པ་ལ། །དགོས་པ་མེད་པར་འདའ་བ་དང་། །ཞེས་སོགས་གསུངས་པ་རྣམས་མི་འཐད་པར་ཐལ་ལོ། །ཡེ་ཤེས་ཀྱི་སྤྱན་དང་ལྡན་པ་རྣམས་ཀྱིས་གཟིགས་ཤིག རིག་པའི་རྒྱལ་