R396: དཔལ་ལྡན་ས་སྐྱ་པའི་སྔགས་ཕྱོགས་ཀྱི་བསྟན་འཛིན་ངོར་རྫོང་རྣམ་གཉིས་ཀྱི་ཀྱཻ་རྡོ་རྗེ་མན་ངག་ལུགས་ཀྱི་ཕྱག་ལེན་གྱི་རིམ་པ་གཙོ་བོར་གྱུར་པའི་ཟབ་མོའི་གནད་འགའ་ཞིག་ལ་བཞེད་ཚུལ་མི་འདྲ་བའི་གྲུབ་མཐའི་རྣམ་གཞག་མདོ་ཙམ་བཤད་པ་ལུགས་གཉིས་གསལ་བའི་ཉིན་བྱེད།

  • Pagination (Witness A): ༡༡༡བ
[A:༡༡༡བ]པོས། ལོག་པའི་ལམ་ལ་མཐའ་མེད་ཕྱིར། །ཐམས་ཅད་འདི་ནི་སྤྲོ་བྱ་མིན། །ཞེས་གསུངས་པ་ལྟར་ལོག་པའི་ལམ་མང་དུ་སྨྲས་པ་ལའང་དགོས་པ་མེད་པར་སེམས་སོ། །རབ་ཏུ་བྱུང་བ་ཐམས་ཅད་ཀྱིས་ཚོགས་འཁོར་གྱི་དུས་སུ་ཤ་ཆང་གཏན་ནས་བསྟེན་མི་རུང་བར་འདོད་པ་ཡང་མ་ཡིན་ཏེ། རིམ་གཉིས་ཀྱི་ཏིང་ངེ་འཛིན་ལ་བརྟན་པ་ཐོབ་པའི་སྡོམ་བརྩོན་རྣམས་ཀྱིས་ནི་ཚོགས་ཀྱི་འཁོར་ལོའི་སྐབས་སུ་ཤ་ཆང་སོགས་ལ་ཁྱིམ་པ་རྡོ་རྗེ་འཛིན་པ་རྣམས་དང་ཁྱད་མེད་དུ་ལོངས་སྤྱད་ཀྱང་དྲན་ཤེས་ཉམས་པ་སོགས་ཀྱི་ཉེས་པར་མི་འགྱུར་ཡང་གཞན་མ་དད་པ་སོགས་ཀྱི་རྒྱུར་སོང་དོགས་ནས་ཅུང་ཟད་ཙམ་ལོངས་སྤྱོད་ཅིང་། དེ་ལས་གཞན་པའི་སྡོམ་བརྩོན་རྣམས་ཀྱིས་ནི་དམ་ཚིག་གི་རྫས་མ་བསྟེན་པའི་ཉེས་པ་སྤོང་བའི་ཕྱིར་ཤ་ཆང་སོགས་ཅུང་ཟད་ཙམ་བསྟེན་པར་གསུངས་ཤིང་། མང་དུ་བསྟེན་པར་མ་གསུངས་པའི་ཕྱིར། གལ་ཏེ་ཁོ་ན་རེ། དེ་ལྟར་མི་འཐད་དེ། འདུལ་བ་དང་བསྟུན་ན་རབ་ཏུ་བྱུང་བས་ཆང་སོགས་ཅུང་ཟད་ཙམ་ཡང་བསྟེན་པར་མི་རུང་བའི་ཕྱིར་དང་། ཚོགས་འཁོར་གྱི་སྐབས་སུ་རྗེ་བཙུན་ཁུ་དབོན་གྱིས་ཚིམ་པར་ལོངས་སྤྱོད་ཅེས་གསུངས་པ་དང་ཡང་འགལ་བའི་ཕྱིར། ཞེ་ན་སྐྱོན་མེད་དེ། རང་ཉིད་ཀྱི་ལུས་གསོ་བའི་ཆེད་ཙམ་དང་། ཟས་ལ་སྲེད་པའི་སྒོ་ནས་ལོངས་སྤྱོད་པ་མིན་པར། རང་གཞན་གྱི་ཚོགས་རྫོགས་ཤིང་ཉེས་པ་རྣམས་སྦྱང་བའི་ཕྱིར་དུ་ལྷ་མཆོད་པའི་བསམ་པས་ཅུང་ཟད་ལོངས་སྤྱོད་པ་ན་བཅས་འགལ་གྱི་ཉེས་པར་ཡང་མི་འགྱུར་ཞིང་། དམ་ཚིག་གི་རྫས་མ་བསྟེན་པའི་ཉེས་པར་ཡང་མི་འགྱུར་བའི་ཕྱིར་དང་། རྗེ་བཙུན་ཁུ་དབོན་གྱིས་ཀྱང་སྡོམ་བརྩོན་རྣམས་ལ་ཅུང་ཟད་ཙམ་