R396: དཔལ་ལྡན་ས་སྐྱ་པའི་སྔགས་ཕྱོགས་ཀྱི་བསྟན་འཛིན་ངོར་རྫོང་རྣམ་གཉིས་ཀྱི་ཀྱཻ་རྡོ་རྗེ་མན་ངག་ལུགས་ཀྱི་ཕྱག་ལེན་གྱི་རིམ་པ་གཙོ་བོར་གྱུར་པའི་ཟབ་མོའི་གནད་འགའ་ཞིག་ལ་བཞེད་ཚུལ་མི་འདྲ་བའི་གྲུབ་མཐའི་རྣམ་གཞག་མདོ་ཙམ་བཤད་པ་ལུགས་གཉིས་གསལ་བའི་ཉིན་བྱེད།

  • Pagination (Witness A): ༡༡༠བ
[A:༡༡༠བ]ལ་མི་རྟོན་གང་ཟག་ལ་རྟོན་པའི་དུས་འདིར་ཆེས་དད་པས་འདི་བས་ཀྱང་ཕྱོགས་སུ་ལྷུང་བའི་གདུལ་བྱ་ཆེན་པོ་མི་འབྱུང་རེ་སྐན་ཞེས་པའི་བར་ལ་སོགས་པ་སྐུར་འདེབས་དང་དགག་པ་མང་དུ་བྱེད་དོ། །གཉིས་པ་དེའི་ལན་བཤད་པ་ལ། དགག་པ་དེ་ཐམས་ཅད་ནི་ཕྱོགས་སྔ་གཞི་མེད་ལ་སྨྱོན་གཏམ་གྱི་དགག་པ་དང་སྐུར་པ་བརྗོད་པའི་ངལ་བ་འབའ་ཞིག་ཏུ་ཟད་དེ། འཇིག་རྟེན་པའི་དགའ་སྟོན་དང་། འཇིག་རྟེན་པའི་ཁ་ཟས་ཡིན་ན་ཚོགས་ཀྱི་འཁོར་ལོའི་རྒྱུར་མི་རུང་བས་ཁྱབ་པ་དང་། ཤ་ཆང་རབ་ཏུ་བྱུང་བའི་ཚོགས་འཁོར་གྱི་དུས་སུ་བརྟེན་པར་གཏན་ནས་མི་རིགས་པར་འདོད་པ་མེད་བཞིན་དུ་དེ་ལ་དགག་པ་སྣ་ཚོགས་བརྗོད་པའི་ཕྱིར། གལ་ཏེ་ཁོ་ན་རེ། དེ་ལྟར་ངོར་པ་ཁྱོད་ཀྱིས་འདོད་དེ། ཀུན་བཟང་རྣམ་རོལ་ལས། ཤ་ཆང་ཁོ་ན་ལ་ལོངས་སྤྱོད་པ་འཇིག་རྟེན་པའི་དགའ་སྟོན་ལ་ཚོགས་ཀྱི་འཁོར་ལོའི་མིང་གདགས་པར་མི་བྱའོ། །ཞེས་པས་དེ་ལྟར་བསྟན་པའི་ཕྱིར། ཞེ་ན་གཏན་ཚིགས་མ་གྲུབ་སྟེ། ལུང་དེའི་དོན་ནི། ཐར་པ་དོན་གཉེར་རྣམས་ཀྱིས་ཤ་ཆང་ཁོ་ན་ལ་ལོངས་སྤྱོད་པ་འཇིག་རྟེན་པའི་དགའ་སྟོན་དང་ཚུལ་མཚུངས་པའི་ལོངས་སྤྱོད་ལ་ཚོགས་འཁོར་གྱི་མིང་བཏགས་ནས་བག་མེད་དུ་ལོངས་སྤྱད་པར་མི་བྱ་ཞེས་པའི་དོན་ཡིན་གྱི། འཇིག་རྟེན་པའི་ཁ་ཟས་སུ་རུང་བ་ཡིན་ན། ཚོགས་འཁོར་གྱི་རྒྱུར་མི་རུང་བས་ཁྱབ་པའི་དོན་དུ་ཕྱོགས་ཙམ་ཡང་མ་སོང་བའི་ཕྱིར་རོ། །དེ་ལ་གཞན་དུ་ན་ཁྱེད་ཉིད་ལ་སྐྱོན་དུ་མ་གནས་ཏེ་འདི་ལྟར་བླ་མེད་ཀྱི་ལམ་དུ་ཞུགས་པའི་དགེ་སློང་རྡོ་རྗེ་འཛིན་པ་ཡིན་ན། རང་གི་སྤང་བྱར་གྱུར་པའི་འདོད་པའི་ཡོན་ཏན་མེད་པས་ཁྱབ་པར་ཐལ། དེ་ཡིན་ན་འདོད་པའི་ཡོན་ཏན་ཐམས་ཅད་